5085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་བར་གཤེགས་པ
Tibetan Definition <སུ་ག་ཏ> 1 སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག ཚིག་བསྡུས་ན་བདེ་གཤེགས་སམ། བདེར་གཤེགས་ཞེས་ཀྱང་འབྲི་རུང་སྟེ། ངག་སྒྲོན་རྩ་བ་ལས། བདེར་གཤེགས་སོགས་ལ་གང་ཡང་རུང་། །ཞེས་གསུངས་སོ། །སྒྲ་བཤད་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ལེགས་པར་རྟོགས་པའམ། ཡང་ན་འཁོར་བར་སླར་མི་ལྡོག་པར་ལེགས་པར་གཤེགས་པས་ན་བདེ་གཤེགས་སོ། །ཡང་ན་མཆོག་ཏུ་བདེ་བའི་བདེ་བའི་བདག་ཉིད་གྲུབ་པར་གཤེགས་པས་ན་བདེ་གཤེགས་སོ། །ཞེས་གསུངས། ཡང་། ལེགས་པར་སོང་བས་ན་བདེ་བར་གཤེགས་པའོ། །དེ་ཡང་བདེ་བ་ནི་ལེགས་པ། གཤེགས་པ་ནི་སོང་བའོ། །འདིའི་སོང་བ་ནི་སྤངས་པ་དང་ཁོང་དུ་ཆུད་པའི་དོན་ལ་འཇུག་སྟེ། ལེགས་པར་སྤངས་པས་ན་བདེ་བར་གཤེགས་པ་ཞེས་པ་ཞིག་དང་། ཡང་ལེགས་པར་ཁོང་དུ་ཆུད་པས་ན་བདེ་བར་གཤེགས་པ་ཞེས་པའི་གོ་དོན་གཉིས་ཡོད་དོ། །དེ་ཡང་ལེགས་པར་སོང་བ་ཞེས་པ་ནི་འཁོར་བ་སྤངས་ནས་ཐར་པ་མྱ་ངན་ལས་འདས་པའི་གནས་སུ་ལེགས་པར་སོང་བས་ན་བདེ་བར་གཤེགས་པའམ། ཡང་ན་ཆོས་རྣམས་ཀྱི་གནས་ལུགས་ཀྱི་དེ་ཁོ་ན་ཉིད་ལ་བློ་ལེགས་པར་སོང་བ་སྟེ་ཁོང་དུ་ཆུད་པས་ན་བདེ་བར་གཤེགས་པ་ཞེས་པ་གཉིས་སོ། །རྣམ་འགྲེལ་རྩ་བ་ལས། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་གསུངས་པ་ལྟར་རོ། །མདོར་བསྡུས་ན། བདེར་གཤེགས་ཀྱི་སྐད་དོད་སུ་ག་ཏ་ཞེས་པ་སྤངས་པ་དང་རྟོགས་པ་གཉིས་ལ་བཤད་དུ་ཡོད་པ་རྒྱལ་ཚབ་ཆོས་རྗེའི་སྤྱོད་འཇུག་དར་ཊཱིཀ་ལས་གསུངས་པ་ལྟར་རོ། །བདེ་བར་གཤེགས་པ་ཞེས་པ་གཤེགས་པའམ་སོང་བའི་སྒྲ་སྤངས་པ་དང་ཁོང་དུ་ཆུད་པ་གཉིས་ལ་འཇུག་ཚུལ་ནི། དཔེར་ན་མྱ་ངན་ལས་འདས་པའི་གནས་སུ་སོང་ཞེས་པ་ལྟ་བུ་སྤངས་པ་ལ་སྦྱར་བ་དང་། བློ་གང་ཞིག་རང་གི་ཡུལ་ལ་སོང་ཞེས་པ་ལྟ་བུ་ཁོང་དུ་ཆུད་པའི་དོན་ལ་བཀྲལ་ཀྱང་རུང་ངོ་། །དོགས་གཅོད། ལེགས་སྦྱར་གྱི་སུ་ག་ཏཞེས་པའི་སུནི་བཟང་པོ་དང་ལེགས་པ་ལ་འཇུག་པས། བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ལེགས་པར་གཤེགས་པཞེས་བསྒྱུར་ཡོད་ན་ད་ལྟ་ང་ཚོ་མགོ་བོ་འཐོམས་ནས་འགྲེལ་བཤད་དང་སྐོར་བ་མང་པོ་རྒྱག་མི་དགོས་པར་ཐད་ཀར་དོན་ཐོག་ཏུ་སླེབས་ཐུབ་པ་ཞིག་ཡོད་ཚོད་དུ་གདའ་བས། ཅིའི་ཕྱིར་ལེགས་པར་གཤེགས་པཞེས་མ་བསྒྱུར་ཞེས་དོགས་འདྲི་ཞུའོ། །བདེར་གཤེགས་ཀྱི་སྐོར་ཞིབ་པར་གཟིགས་འདོད་ན། རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་གསུང་དང་། རྒྱ་གར་གྱི་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏའི་སྤྱོད་འཇུག་འགྲེལ་པ། བུ་སྟོན་རིན་པོ་ཆེའི་སྤྱོད་འཇུག་གི་ཊཱིཀ རྒྱལ་ཚབ་ཆོས་རྗེའི་སྤྱོད་འཇུག་དར་ཊཱིཀ དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ། ཐུབ་བསྟན་ཆོས་ཀྱི་གྲགས་པའི་སྤྱོད་འཇུག་འགྲེལ་པ་རྒྱལ་སྲས་ཡོན་ཏན་བུམ་བཟང་སོགས་གཞུང་མང་དུ་བཞུགས་པ་དེ་དག་ལ་བལྟ་བར་བྱའོ། །2 སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཕུན་སུམ་ཚོགས་པ་ལའང་བདེ་གཤེགས་ཞེས་བརྗོད་དེ། དེའི་ཐུགས་རྒྱུད་ཀྱི་སྤངས་པ་ཕུན་སུམ་ཚོགས་པ་ལ། སྤངས་པ་བདེ་གཤེགས་དང་། (སྤངས་པ་ཁྱད་པར་གསུམ་ལྡན་ནི། ལེགས་པར་སྤངས་པ། མི་ལྡོག་པར་སྤངས་པ། མ་ལུས་པར་སྤངས་པ་དང་གསུམ་མོ) དེའི་ཐུགས་རྒྱུད་ཀྱི་རྟོགས་པ་ཕུན་སུམ་ཚོགས་པ་ལ། རྟོགས་པ་བདེ་གཤེགས་ཞེས་ཟེར་རོ། ། (རྟོགས་པ་ཁྱད་པར་གསུམ་ལྡན་ནི། དེ་ཉིད་མཁྱེན་པ། མཁྱེན་པ་བརྟན་པ། མ་ལུས་པར་མཁྱེན་པ་དང་གསུམ་མོ)