5185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟང་སྤྱོད་སྨོན་ལམ
Tibetan Definition བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བའི་མདོ་འདི། མདོ་ཕལ་ཆེན་ལ་༼ ཀ ༽༼ ཁ ༽༼ ག ༽༼ ཨ ༽དང་བཅས་གླེགས་བམ་བཞི་ཡོད་པ་ལས། གླེགས་བམ་༼ཨ་པའི༽ཤོག་གྲངས་༣༥༨རྒྱབ་གཟིགས་ན་བཞུགས། འདི་བྱང་ཆུབ་སེམས་པ་གཞོན་ནུ་ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་བརྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་སྤྱོད་པ་ཕྱོགས་གཅིག་པའི་ལེའུ་ཕྱུང་བའོ། །ཇོ་བོའི་ལམ་སྒྲོན་རང་འགྲེལ་ལས། ཀུན་བཟང་སྤྱོད་ཅེས་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས་འབྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཡིན་ཏེ། ཞེས་གསུངས། བཟང་སྤྱོད་སྨོན་ལམ་གྱི་བརྗོད་བྱ་རྣམས་མདོར་བསྡུ་ན་བཅུ་སྟེ། ༡ ཕྱག་འཚལ་བ། ༢ མཆོད་པ་འབུལ་བ། ༣ སྡིག་པ་བཤགས་པ། ༤ བསོད་ནམས་ལ་རྗེས་སུ་ཡི་རང་བ། ༥ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། ༦ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ༧ དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བ། ༨ དེའི་རབ་ཏུ་དབྱེ་བ། ༩ དེའི་མཐར་ཐུག་པ་དང་། ༡༠ དེའི་ཕན་ཡོན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱི་༼ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་སྦྱར ༽ལས་གསུངས་པ་ལྟར་བཀོད་དོ། །བཟང་པོ་སྤྱོད་པའི་སྨོན་ལམ་ཟེར་བའི་དོན་ནི། བཟང་པོ་ནི་དགེ་བ་དང་དེ་སྤྱོད་པའམ་ཉམས་སུ་ལེན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་པ་ཞེས་བྱ་བའི་དོན་ཡིན་ཞིང་། དེའི་སྨོན་ལམ་ཞེས་བྱ་བའི་དོན་ནོ། །མདོར་བསྡུས་ན། བྱང་ཆུབ་སེམས་དཔའི་སྨོན་ལམ་ཞེས་བྱ་བའི་དོན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱི་༼ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་སྦྱར ༽ལས། བཟང་པོ་ནི་དགེ་བའོ། །དེ་ནི་བཟང་པོ་ཡང་ཡིན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །