5217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་དོ
Tibetan Definition 2 སྤྱིར་བཏང་བར་དོ་ནི་བར་མ་དོ་སྟེ། དབུས་ཀྱི་མིང་ངོ་། །བར་དོ་ལ། འཁོར་འདས་བར་དོ། སྐྱེ་ཤི་བར་དོ། ཏིང་འཛིན་ལམ་གྱི་བར་དོ། རྨི་ལམ་གཉིད་ཀྱི་བར་དོ། འཆི་བ་སྲིད་པའི་བར་དོ། སྐྱེ་གནས་བརྒྱུད་པའི་བར་དོ་དང་དྲུག་གསུངས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༡༩༡ན༥ལས། རྒྱལ་བ་ཡང་དགོན་པ་རྗེ་བཙུན་མི་ལས་ཇོ་མོ་བཀྲ་ཤིས་ཚེ་རིང་མར་གནང་བའི་བར་དོའི་གདམས་པར། འཁོར་འདས་གཉིས་ཀྱི་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབས་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །ཏིང་འཛིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་བཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་སྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་བླང་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །འཆི་བ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་བྱས་ནས་ཀྱང་། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པའི་མཚམས་སྦྱོར་འཚལ། །ཞེས་དྲུག་ཏུ་བཤད་ལ། ཞེས་གསུངས། ད་དུང་བར་དོའི་བཤད་ཚུལ་མང་དུ་སྣང་བས་གོང་དུ་བཤད་པའི་གཡའ་སེལ་གྱི་ཤོག་གྲངས་ཀྱི་ཐད་དུ་གཟིགས།