From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བར་བསྐལ
|
Tibetan Definition
|
(མཛོད) འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ནས། ཚེ་ལོ་བཅུ་པའི་བར་འབྲི་བའི་དུས་ཡུན་ལ། བར་བསྐལ་གཅིག་ཟེར། འོ་ན་མཛོད་རྩ་བ་ལས། བར་གྱི་བསྐལ་པ་(ནི། ཚེ་ལོ)དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་དང་། མཛོད་རང་འགྲེལ་ལས་ཀྱང་། ཚེ་དཔག་ཏུ་མེད་པ་ནས་འབྲི་བ་ན་ཚེ་ལོ་བཅུ་པའི་བར་དུ་འགྱུར་ཏེ། འདི་ནི་ཆགས་ནས་གནས་པ་རྣམས་ཀྱི་བར་གྱི་བསྐལ་པ་དང་པོ་ཡིན་ནོ། །ཞེས་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་འབྲི་བ་ལ་བར་བསྐལ་དུ་བཤད་པ་ཇི་ལྟ་དྲངས་ཤེ་ན། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་འབྲི་བ་ནི། འཆགས་པའི་བསྐལ་པར་གཏོགས་པར་བཤད་དགོས་པས་ཞོར་འཕྲོས་ཀྱི་ཚུལ་དུ་བྱུང་བ་ཡིན་ནོ། །བར་བསྐལ་དངོས་བཤད་པ་ནི་གོང་དུ་ཁོ་བོས་བཤད་པ་ལྟར་རོ། །འདི་ནི་ཡ་ཐོག་རིང་མོ་ལྟ་བུ་ལ་མཚོན་ནས་བཤད་པ་ཡིན་ལ། མ་ཐོག་རིང་མོ་ལྟ་བུ་ཡིན་ན། ཚེ་ལོ་བཅུ་པ་ནས་ཚེ་ལོ་བརྒྱད་ཁྲིའི་བར་འཕེལ་བའི་དུས་ཡུན་དང་། བར་གྱི་བསྐལ་གཞན་བཅོ་བརྒྱད་ལྟ་བུ་ཡིན་ན། ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་ཡར་འཕེལ་བའམ། བརྒྱད་ཁྲི་ནས་བཅུ་པའི་བར་འབྲི་བའི་དུས་ཡུན་ལྟ་བུ་གང་རུང་ཞིག་ལ་ཟེར་རོ། །འོ་ན་ཡ་ཐོག་མ་ཐོག་གཉིས་རྐྱང་པ་དང་། གཞན་བཅོ་བརྒྱད་པོ་རྣམས་ཁུག་པ་ཡིན་པས་དུས་ཡུན་རིང་ཐུང་གི་ཁྱད་པར་ཡོད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཡ་ཐོག་མ་ཐོག་གཉིས་བུལ་བ་དང་། གཞན་བཅོ་བརྒྱད་པོ་རྣམས་མྱུར་བའི་ཕྱིར་རོ། །དེས་ན་བར་བསྐལ་ཉི་ཤུ་པོ་ཐམས་ཅད་ལ་དུས་ཡུན་རིང་ཐུང་གི་ཁྱད་པར་མེད་དོ། །དཔེར་ན་མེ་འཁོར་བུལ་བས་(ཡ་ཐོག་མ་ཐོག་རིང་མོ་གཉིས)སྤྱི་ལེ་བཅུ་འགྲོ་བའི་དུས་ཡུན་དང་། མེ་འཁོར་ཆེས་མགྱོགས་པས་(བར་བསྐལ་གཞན་བཅོ་བརྒྱད་པོ་རྣམས)སྤྱི་ལེ་ཉི་ཤུ་འགྲོ་བའི་དུས་ཡུན་གཉིས་མཉམ་པ་ཡིན་པ་བཞིན་ནོ། །མཆིམས་མཛོད་ལས། དེ་ལ་བར་གྱི་བསྐལ་པ་ནི་འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ནས་རིམ་གྱིས་མར་འགྲིབས་ཏེ་བརྒྱད་ཁྲི་པར་གྱུར་པའི་བར་ནི་འཆགས་པའི་བསྐལ་པར་གཏོགས་ལ། གང་གི་ཚེ་བརྒྱད་ཁྲི་པ་འགྲིབ་སྟེ་འཛམ་བུ་གླིང་པའི་མིའི་ཚེ་ཚད་ལོ་བཅུ་པར་གྱུར་པའི་བར་ནི་(བར་གྱི)བསྐལ་པ་དང་པོ་ཡིན་ནོ། །ཞེས་གསུངས་སོ། །མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས་ཀྱང་། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་བྲི་བ་ནས། ཚེ་ལོ་བཅུ་པའི་བར་དུ་བར་བསྐལ་གཅིག །ཞེས་གསུངས། དེའི་ཚད་ནི། བསྐལ་པ་ཞེས་བྱ་བ་ནི་ཐམས་ཅད་དཔག་ཚད་ཕྱེད་ཕྱེད་པ་ལ་ཀ་ཤི་ཀའི་རས་ཀྱིས་ལོ་བརྒྱ་བརྒྱ་ན་ཕྱོགས་རེ་ཕྱགས་པས་ནམ་ཟད་པར་འགྱུར་བ་དེ་ཙམ་ན་བསྐལ་པ་བར་མའོ། །ཞེས་རྒྱ་གར་གྱི་མཁས་པ་བཻ་རོ་ཙ་ན་རཀྵི་ཏའི་སྤྱོད་འཇུག་གི་འགྲེལ་པར་གསལ། ཡང་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ཐོར་བུའི་གྲས་ཕྱོགས་གཅིག་ཏུ་བསྡེབས་པ་༦ན༡ལས། བར་བསྐལ་རེ་རེ་ཙམ་གྱི་ཡུན་ལའང་། །རྒྱ་དཔང་དཔག་ཚད་གཅིག་གི་ཁྱོན་ལྡན་རྫིང་། །སྐྲ་ཡིས་ཡོངས་སུ་གང་ལོ་བརྒྱར་ལོན་པ་དང་། །སྐྲ་ཉག་རེ་ཙམ་བཏོན་པས་རྫོགས་པས་ཚད། །བར་བསྐལ་གཅིག་ཙམ་རྫོགས་པ་བླ་མ་བཞེད། །ཅེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། འཆགས་བསྐལ་དང་། འཇིག་བསྐལ་གཉིས་ཀྱི་བར་དུ་འབྱུང་བའི་བསྐལ་པ་ཡིན་པས། བར་བསྐལ་ཟེར་བ་ཡིན་ནམ་སྙམ་མོ། །མཛོད་རྩ་བ་ལས། བསྐལ་པ་རྣམ་པ་མང་བཤད་པ། །(འཇིག་བསྐལ)འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །(འཆགས་བསྐལ)འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །(གནས་བསྐལ)བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་གསུངས་པས་ཀྱང་ཤེས་ནུས་སོ། །བར་གྱི་བསྐལ་པའི་རྩིས་གཞི་ལོ་ཡིས་བྱེད་པ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཅུད་ཀྱི་སེམས་ཅན་གྱི་བྱེད་སྤྱོད་བཟང་ངན་གྱིས་བསྐལ་བཟང་གི་སངས་རྒྱས་དེ་དག་སྐུ་ཚེ་དང་སྨོན་ལམ་གྱིས་ཀྱང་མ་ངེས་ཤིང༌། བར་གྱི་བསྐལ་པ་ཡང་ཧ་ཅང་རྒྱུན་རིང་བས་ལོ་དང་ཟླ་བས་བགྲང་མི་ནུས་སོ། །འགའ་ཞིག་གིས་བར་བསྐལ་གཅིག་ལ། མི་ལོ་དཀྲིགས་ཆེན་པོ་གསུམ། དཀྲིགས་ཆུང་བ་གསུམ། གཏམས་ཆེན་དགུ། གཏམས་ཆུང་བདུན། རབ་བཀྲམ་ཆེན་པོ་བདུན། ཁྲག་ཁྲིག་ཆེན་པོ་དྲུག ཁྲག་ཁྲིག་ཆུང་བ་གཉིས། ཐེར་འབུམ་ཆེན་པོ་བཞི་ཡོད་གསུངས། ཁ་ཅིག་གིས་བར་བསྐལ་མི་ལོ་དཀྲིགས་ཁྲག་དགུ་ཡོད་གསུངས་སོ། །ཞེས་ཀློང་རྡོལ་བླ་མ་གསུང༌། ཡང་བོད་རྒྱ་ཚིག་མཛོད་ཆེན་མོར། བསྐལ་པ་ཆུང་བ་སྟེ། ཆོས་མངོན་པའི་བཤད་སྲོལ་ལྟར་ན་མིའི་ཚེ་ལོ་བཅུ་པ་ནས་བཟུང་ལོ་བརྒྱ་རེར་ལོ་རེ་འཕེལ་ཏེ་མིའི་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་བར་ཡར་འཕེལ་བའི་དུས་ཡུན་ལ་བསྐལ་པ་ཆུང་བ་གཅིག་དང༌། དེ་ནས་ལོ་བརྒྱ་རེར་ལོ་རེ་འགྲིབ་སྟེ་མིའི་ཚེ་ལོ་བཅུ་པའི་བར་མར་འགྲིབ་པའི་དུས་ཡུན་ལ་ཡང་བསྐལ་པ་ཆུང་བ་གཅིག་ཟེར། དེ་ལ་མི་ལོ་ཁྲི་བརྒྱད་བརྒྱ་སོ་དགུ་དང་དགུ་སྟོང་ཐམ་པ་ཡོད་ཅེས་གསལ།
|