5230

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་མ་རབ་བྱུང་གི་སྡོམ་པ
Tibetan Definition (འདུལ་བ) མཁན་པོར་གསོལ་བ་བཏབ་པ། ཁྱིམ་པའི་རྟགས་སྤངས་པ། རབ་བྱུང་གི་རྟགས་བླངས་པ་ཙམ་ལས་ཐོབ་པའི་རབ་བྱུང་གི་སྡོམ་པ་བཏགས་པ་བ་ཞིག འདི་ལ་ཉམས་པ་རྣམ་གསུམ་སྤངས་པའི་བར་མའི་ཚུལ་ཁྲིམས་ཞེས་ཀྱང་བྱའོ། །ཉམས་པ་རྣམ་པ་གསུམ་ནི། ཁྱིམ་པའི་རྟགས་སྤངས་པ་ལས་ཉམས་པ། རབ་བྱུང་གི་རྟགས་བླངས་པ་ལས་ཉམས་པ། བླ་མར་གསོལ་བ་བཏབ་པ་ལས་ཉམས་པ་སྟེ་གསུམ་མོ། །མཚོ་ཊཱིཀ་ལས་ནི། མཁན་པོར་གསོལ་བ་བཏབ་པ་ནི། སྔར་བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་པའི་སྐབས་སུ་སོང་ཟིན་པས། སླར་ཡང་བགྲངས་ན་ཟློས་སྐྱོན་དུ་འགྱུར་བས། ཤཱཀྱའི་རྒྱལ་པོའི་རྗེས་སུ་འབྱུང་བར་ཁས་ལེན་པ། ཁྱིམ་པའི་རྟགས་སྤོང་བ། རབ་ཏུ་བྱུང་བའི་རྟགས་ལེན་པ་དང་གསུམ་ལས་ཐོབ་པར་གསུངས་སོ། །སྒྲ་བཤད་ནི། སྡོམ་པ་དང་སྡོམ་མིན་གང་ཡང་མིན་པས་བར་མ་དང༌། རབ་ཏུ་བྱུང་བ་དང་ཆ་ལུགས་ཙམ་འདྲ་བའི་ཕྱིར་རབ་བྱུང་ཞེས་བཏགས་སོ། །བར་མ་རབ་བྱུང་གི་ཚུལ་ཁྲིམས་ཀྱི་དགོས་པ་ནི། དགེ་ཚུལ་གྱི་སྡོམ་པ་ལེན་པའི་སྣོད་རུང་དུ་བྱ་བའི་ཆེད་དུ་དང༌། དེ་ལེན་པའི་དུས་ནི། དང་པོ་དགེ་བསྙེན། དེ་ནས་བར་མ་རབ་བྱུང༌། དགེ་ཚུལ། དགེ་སློང་ངོ༌། །སེ་ར་རྗེ་བཙུན་པའི་འདུལ་བ་ལས། རབ་བྱུང་གི་ཚུལ་ཁྲིམས་གང་ཞིག དགེ་ཚུལ་གྱི་སྡོམ་པའི་སྔ་རོལ་ཏུ་སྦྱིན་པར་བྱ་བའི་རིགས་སུ་གནས་པ་དེ། བར་མ་རབ་བྱུང་གི་ཚུལ་ཁྲིམས་ཀྱི་མཚན་ཉིད། ངག་དོན་ནི། བར་མ་རབ་བྱུང་དུ་སྒྲུབ་པའི་ཚུལ་གཞག་དུ་ཡོད་དེ། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་སྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།