5270

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྒྱའི་ཆར་ཡང་མི་ཕོད
Tibetan Definition 1 གང་ཞིག་དུམ་བུ་བརྒྱར་ཕྱེ་བའི་ཆ་གཅིག་གི་དོ་ཟླར་ཡང་མི་འོས་ཞེས་པ་སྟེ། ཕུལ་དུ་བྱུང་བའི་དཔེའོ། །ཡང་ན། གང་ཞིག་ཆ་ཤས་བརྒྱར་ཕྱེ་བའི་ཆ་གཅིག་དང་ཡང་མི་མཉམ་ཞེས་པའི་དོན། སྒྲ་བཤད་ནི། གང་ཞིག་དུམ་བུ་བརྒྱ་རུ་ཕྱེ་བའི་ཆར་ཏེ་ཆ་ཤས་གཅིག་ཙམ་ལའང་མི་མཉམ་པའམ་མཉམ་པ་མེད་པས་ན་དེ་སྐད་ཅེས་བྱའོ། །སྤྱིར་མི་ཕོད་ནི་མི་ཐུབ། མི་བཟོད། མི་ནུས། མི་རུང་། མི་ཐོབ་བཅས་ཀྱི་དོན་ཏེ། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་༼ ད ༽༩༣ན༥ ལས། ཆ་ནི་ཆ་ཤས་སོ། །མི་ཕོད་ཅེས་པ་ནི་མི་རུང་མི་ཐོབ་ཅེས་པའི་དོན་ཏོ། །ཆར་ཡང་མི་ཕོད་ཅེས་པ་ནི། བསྙམས་ན་ཞེས་པའི་དོན་ཏོ། །ཅི་ལྟར་བགྲངས་ཀྱང་གྲངས་བླ་ལྷག་པས་མི་མཉམ་པ་སྟེ། སྔོན་གྱི་བསོད་ནམས་ཀྱིས་ཇི་སྲིད་དུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀྱང་ཕྱི་མའི་བསོད་ནམས་དང་བསྙམས་ན་མི་བཟོད་ལ། ཞེས་གསུངས། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ལས་ཀྱང་དེ་དང་འདྲ་བར་གསུངས་སོ། །