5297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟད་པ་ལས་བྱུང་བའི་སྤང་པ
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་ཉེར་དྲུག་པ། བརྟད་པ་ལས་བྱུང་བའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བ་ཟས་ལས་གཞན་པའི་རྙེད་པ་དབྱར་གྱི་ནང་ལོགས་སུ་སྦྱིན་བདག་ལས་ལེན་ཞིང་དགེ་འདུན་གྱིས་སྤྱིའི་ཚོམས་སུ་བདག་གིར་བྱ་སྔས་པ་དང་། རྙེད་པ་དེ་སོ་སོར་བགོ་སྔས་པ་དང་། བཞག་འཕྱིས་པ་གང་རུང་ལས་བྱུང་བའི་ལྟུང་བ་དངོས་གཞིའོ། །མཚོ་ཊཱིཀ་ལས་བརྟད་པ་ལས་བྱུང་བའི་སྤང་པ་སྤྱིའི་ངོ་ཏི་དངོས་སུ་མ་གསུངས་པར་སོ་སོར་གསུངས་པ་ཡིན་ཏེ། མཚོ་ཊཱིཀ་ལས། བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བ་ཟས་ལས་གཞན་པའི་རྙེད་པ་དབྱར་གྱི་ནང་ལོགས་སུ་སྦྱིན་བདག་ལས་ལེན་ཞིང་དགེ་འདུན་གྱིས་སྤྱིའི་ཚོམས་སུ་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞི་དང་། རྙེད་པ་དེ་སོ་སོར་བགོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དེ་རིམ་པ་བཞིན་བརྟད་བྱུང་བདག་གིར་བྱ་སྔས་པའི་སྤང་ལྟུང་དང་། བརྟད་བྱུང་བགོ་སྔས་པའི་སྤང་ལྟུང་གི་ངོ་ཏི་ཡིན་ནོ། །མཚོ་ཊཱིཀ་ལས་འདི་ལ། དབྱར་རྙེད་བདག་གིར་བྱ་སྔས་པ་དང་། བགོ་སྔས་པ། བཞག་འཕྱིས་པ་དང་ནང་གསེས་ཀྱི་དབྱེ་བ་གསུམ་གསུངས། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱས་པ་དང། སོ་སོར་བགོས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། དབྱར་འདྲལ་བའི་རྒྱུར་འགྱུར་བའོ། །སྒྲ་བཤད་ནི། དབྱར་ནང་བརྟད་པ་སྟེ་གློ་བུར་དུ་བྱུང་བའི་རྙེད་པ་ལ་བརྟེན་པའི་སྤང་ལྟུང་ཡིན་པས་ན་དེ་སྐད་ཅེས་བྱའོ། །བརྟད་པ་ནི་གློ་བུར་གྱི་དོན་ཡིན་པར་མཚོ་ཊཱིཀ་ལས་གསུངས་ཏེ། དེ་ཉིད་ལས། བརྟད་པའི་དབང་གིས་ཞེས་གློ་བུར་གྱི་དབང་གིས་ཏེ་རྐྱེན་དབང་ངོ་། །ཞེས་གསུངས་པ་ལྟར་རོ། །བརྟད་བྱུང་བཞག་འཕྱིས་སམ་བགོ་འཕྱིས་པའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་རང་དབང་བ་དེ་གོས་སྦེད་པ་པོ་མ་བསྐོས་པར་གོས་འགེད་པའི་དུས་སུ་མ་བགོས་པར་བཞག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི་མཉན་ཡོད་དུ་དབྱར་ཟླ་བ་གསུམ་གྱི་ནང་ལོགས་སུ་དགེ་འདུན་རྣམས་ལ་རལ་གྲི་མཐུ་ཅན་པ་རྣམས་ཀྱིས་གོས་ཀྱི་རྙེད་པ་ཆོས་གོས་མང་པོ་ཕུལ་བ་ན་དགེ་འདུན་རྣམས་ཀྱིས་གཉེར་དབྱར་གྱི་རྙེད་པ།་ཁམ་བྱས་པར་བཞག་སྟེ་ཆོས་གོས་དེ་རྣམས་སྲིན་གྱིས་རྨུགས་ཏེ་རྡུལ་དུ་བརླགས་ནས་འདུག་པ་ལས་སོ། །དགག་བྱ་ནི་རང་རིགས་ཀྱི་ཡོ་བྱད་ཆུད་ཟོས་པར་གྱུར་པའོ། །