From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ
|
Tibetan Definition
|
སྡུག་བསྔལ་དང་ཉོན་མོངས་སྐྱེད་པའི་ནུས་པ་བརྟན་ཆགས་པར་ཡོད་པའི་ཕུང་པོ་ལྔ་ལ་ཟེར། ཕལ་སྐད་ཐོག་བཤད་ན། ད་ལྟ་སྡུག་བསྔལ་དངོས་སུ་་མེད་ཀྱང་རྐྱེན་དང་ཕྲད་ན་སྡུག་བསྔལ་སྐྱེ་ཆོག་ཆོག་བྱས་ནས་ཡོད་པའི་ཕུང་པོ་ལྔ་པོ་དེ་ལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། དཔེར་ན་མི་ཞིག་ཉིལ་ལ་ཉེ་བའི་གད་ཀ་ཞིག་ཏུ་ངལ་གསོ་བྱེད་དེ་ལྷོད་ཀྱིས་སྡོད་པ་དང་མཚུངས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པ་ནི། མདོ་ཧྲིལ་གྱིས་དྲིལ་ཏེ་བཤད་ན། ལས་དང་ཉོན་མོངས་པ་སྔ་མའི་གཞན་དབང་དུ་གྱུར་ཅིང་། སྡུག་བསྔལ་དང་ཉོན་མོངས་ཕྱི་མ་རྣམས་སྐྱེ་བའི་ས་བོན་བརྟན་ཆགས་པར་ཡོད་པས། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱའོ། །རྗེའི་ལམ་རིམ་ཆེན་མོ་ལས། དཔེར་ན། ཁུར་ཆེན་པོ་ཁྱེར་བ་ནི་ཁུར་དེ་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ་བདེ་བ་མེད་པ་བཞིན་དུ། ཉེ་བར་ལེན་པའི་ཕུང་པོའི་ཁུར་ཡང་ཇི་སྲིད་བཟུང་དགོས་པ་དེ་སྲིད་དུ་སྡུག་བསྔལ་བར་འགྱུར་ཏེ། ཕུང་པོ་འདི་ལ་སྡུག་བསྔལ་དང་ཉོན་མོངས་ཀྱི་གནས་ངན་ལེན་བརྟན་ཆགས་པར་ཡོད་པས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡོད་ན། ཚོར་བ་སྡུག་བསྔལ་ད་ལྟ་མེད་པའི་སྐབས་རེ་འབྱུང་ཡང་དེ་མ་ཐག་ཡང་སྒོ་སྣ་ཚོགས་ནས་སྡུག་བསྔལ་དུ་མ་བསྐྱེད་པས་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་ཐམས་ཅད་ལ་ཁྱབ་པ་དང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བ་ཡིན་པས་འདི་ལ་སྐྱོ་བ་མང་དུ་བསྒོམ་མོ། །ཞེས་དང་། ཡང་དེ་ཉིད་ལས། འདི་ལྟར་ལྷ་མིའི་གོ་འཕང་ཐོབ་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས་དེ་ལ་རང་བཞིན་གྱིས་བདེ་བར་འཛིན་པ་ཕྱིན་ཅི་ལོག་ཡིན་པས་ཡང་དག་པར་ན་བདེ་བ་མེད་ལ་སླར་ཡང་ངན་འགྲོར་ངེས་པར་ལྟུང་བས་མཐའ་ངན་པའི་ཕྱིར་རོ། །དཔེར་ན་དེ་མ་ཐག་གཡང་སར་ལྟུང་བ་འགའ་གཡང་ཁ་ན་ངལ་བསོ་བ་བཞིན་ཏེ། སྤྱོད་པ་ལ་འཇུག་པ་ལས། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྟུང༌། །ཞེས་དང༌། སློབ་མ་ལ་སྤྲིངས་པ་ལས་ཀྱང༌། གང་ཞིག་འཁོར་བའི་འཁོར་ལོ་རྟག་ཏུ་འགྱུར་བ་ཡི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། །དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམ་བར་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་བདེ་འགྲོ་ལ་ཡང་ངན་འགྲོ་དང་འདྲ་བར་ཤིན་ཏུ་སྐྱོ་བར་བྱ་དགོས་ཏེ། བཞི་བརྒྱ་པ་ལས། མཁས་པ་རྣམས་ལ་མཐོ་རིས་ཀྱང༌། །དམྱལ་བ་དང་མཚུངས་འཇིགས་བསྐྱེད་འགྱུར། །རྣམ་པ་ཀུན་ཏུ་དེ་རྣམས་ལ། །སྲིད་གང་འཇིགས་པ་མི་བསྐྱེད་དཀོན། །ཞེས་དང༌། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཀྱང༌། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །ཞེས་དང༌། སློབ་མ་ལ་སྤྲིངས་པ་ལས་ཀྱང༌། ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ལ་བདེ་བའི་འདུ་ཤེས་སྐྱེས། །དེ་ལྟ་དེ་ལྟར་གཏི་མུག་མུན་པ་ཤིན་ཏུ་འཐུག་པོར་འགྱུར། །ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ལ་སྡུག་བསྔལ་འདུ་ཤེས་སྐྱེས། །དེ་ལྟ་དེ་ལྟར་གཏི་མུག་མུན་པ་ཤིན་ཏུ་སྲབ་མོར་འགྱུར། །ཇི་ལྟ་ཇི་ལྟར་སྡུག་པ་བསྒོམ་པ་ཤིན་ཏུ་རྣམ་འཕེལ་བ། །དེ་ལྟ་དེ་ལྟར་འདོད་ཆགས་མེ་ལྕེ་ཤིན་ཏུ་འཕྲོ་བར་འགྱུར། །ཇི་ལྟ་ཇི་ལྟར་མི་སྡུག་བསྒོམ་པ་ཤིན་ཏུ་འཕེལ་གྱུར་པ། །དེ་ལྟ་དེ་ལྟར་འདོད་ཆགས་མེ་ལྕེ་ཤིན་ཏུ་རྩེ་གཞིལ་འགྱུར། །ཞེས་ཐོག་མ་མེད་པ་ནས་སྲིད་པའི་ཕུན་ཚོགས་ལ་བདེ་བར་འཛིན་པ་དང༌། སྡུག་པའི་རྣམ་པར་སྒྲོ་འདོགས་པ་གོམས་པའི་གཉེན་པོར་སྡུག་བསྔལ་དང༌། མི་སྡུག་པ་བསྒོམ་པ་གོམས་པར་བྱས་ན་དེ་དག་ལྡོག་ལ། མ་བསྒོམས་ན་གཏི་མུག་དང་འདོད་ཆགས་འཕེལ་ནས་སྲིད་པའི་འཁོར་ལོ་བསྐོར་བར་གསུངས་པས་སྲིད་པའི་ཉེས་དམིགས་བསྒོམ་པ་གནད་དུ་ཆེའོ། །ཞེས་དང་། ཡང་དེ་ཉིད་ལས། ལྔ་པ་ནི་ཉེར་ལེན་གྱི་ཕུང་པོ་གྲུབ་ཙམ་གྱིས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེ་སྟེ། ལས་དང་ཉོན་མོངས་པ་སྔ་མའི་གཞན་གྱི་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཞེས་དང་། རེག་པ་དེ་གཉིས་ཀ་དང་མ་ཕྲད་པའི་དུས་ཀྱི་འབྲས་ཚ་བ་ལྟ་བུ་ནི། ཟག་པ་དང་བཅས་པའི་ཚོར་བ་བཏང་སྙོམས་ཏེ། གནས་ངན་ལེན་རྗེས་སུ་འབྲེལ་བས་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །འདི་ཡང་ཚོར་བ་གཅིག་པུ་ལ་མི་བྱ་བ་ནི་སྔར་ལྟར་རོ། །འདི་ནི་ལས་དང་ཉོན་མོངས་པ་སྔ་མའི་གཞན་དབང་དུ་གྱུར་ཅིང༌། སྡུག་བསྔལ་དང་ཉོན་མོངས་པ་ཕྱི་མ་རྣམས་སྐྱེ་བའི་ས་བོན་རྗེས་སུ་འབྲེལ་བས་ན་ཀུན་ཏུ་འགྲོ་བའི་གནས་ངན་ལེན་དང་ལྡན་པའོ། །ཞེས་གསུངས་སོ། །ཞེས་གསུངས་སོ། །མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༨༩བ༢ལས་ཀྱང་། འཁོར་བའི་སྡུག་བསྔལ་སེམས་པའི་སྒོ་མཐའ་ཡས་ཀྱང་། གཙོ་བོར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་འདི་གནས་སྲིད་རྩེ་ནས་དམྱལ་བའི་བར་གང་དུ་གྲུབ་ཀྱང་གྲུབ་ཙམ་ནས་སྡུག་བསྔལ་གྱི་རང་བཞིན་དུ་གྲུབ་པའི་ཚུལ་ལ་ངེས་པ་གཏིང་ནས་རྙེད་ཀྱི་བར་དཔྱད་ནས། ངེས་པ་རྙེད་པ་ན་དཔྱད་སྒོམ་ལ་ལེགས་པར་འབད་པས་ཕུང་པོ་འདི་ལ་ནད་དང་འབྲས་དང་ཟུག་རྔུ་ལྟར་མཐོང་ནས། ལྷའི་ལུས་ལ་ཡང་འདོད་པ་རྨི་ལམ་དུ་ཡང་མི་སྐྱེ་བའི་བློ་གོ་ཡུལ་ཙམ་དུ་མ་ལུས་པ་ཞིག་མ་སྐྱེས་ན། ངེས་འབྱུང་མཚན་ཉིད་ཚང་བའི་དོན་མེད་ཅིང་། བློ་དེ་འདྲ་གཅིག་མ་སྐྱེས་བར་དུ་ཐར་པ་དོན་གཉེར་ཚིག་ཙམ་ཡིན། ཞེས་གསུངས་སོ། །དེས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཡབ་སྲས་གཉིས་ཀས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་ངོས་འཛིན་མཛད་དོ། །མཛོད་འགྲེལ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སྲིད་རྩེ་ནས་མནར་མེད་ཀྱི་བར་ཁྱབ་པས་ན་ཁྱབ་པ། ཡང་ན་བདེ་སྡུག་བཏང་སྙོམས་ཐམས་ཅད་འབྱུང་བས་ཁྱབ་པ། སྡུག་བསྔལ་གཞན་གཉིས་འདུ་བྱེད་པ་སྟེ་སྐྱེད་པར་བྱེད་པས་འདུ་བྱེད། ཚོར་བ་སྡུག་བསྔལ་དངོས་མིན་ཡང་དེའི་རང་བཞིན་དུ་གནས་པས་སྡུག་བསྔལ་ཞེས་བརྗོད་དོ། །ཚོར་བ་སྡུག་བསྔལ་ནི་འདོད་ཁམས་ཁོ་ནར་ཡོད་ལ། ཚོར་བ་བདེ་བ་ནི་བསམ་གཏན་གསུམ་པའི་བར་ཡོད་ཅིང་། ཚོར་བ་བཏང་སྙོམས་ནི་ཁམས་གསུམ་གར་ཡོད་པས་སྲིད་རྩེ་ནས་མནར་མེད་ཀྱི་བར་ཁྱབ་པ་ཞེས་བརྗོད་ཀྱང་རིགས། ཡང་ན། རྗེའི་ལམ་རིམ་ཆེན་མོ་ལས། ལས་ཉོན་སྔ་མའི་གཞན་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཞེས་དོན་ཕལ་ཆེར་གོང་དང་འདྲ་བ་ལ་ཚིག་རིས་ཅུང་ཟད་མི་འདྲ་བར་ཡང་གསུངས་སོ། །
|