5528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙུང་གནས
Tibetan Definition (གསང་སྔགས) ལྟོགས་སྐོམ་དུ་གནས་ནས་ཆོས་ཀྱི་དཀའ་ཐུབ་བྱེད་པའི་མིང་། སྤྱིར་བཏང་ལྟོགས་སྐོམ་དུ་གནས་པ་ཙམ་གྱི་དོན་ལའང་འཇུག སྨྱུང་གནས་དང་དོན་གཅིག འགའ་ཞིག་གིས། བསྙུང་གནས་ནི་གཞི་དགོན་གྱི་གྲྭ་བཙུན་ཚོས་བྱེད་རྒྱུ་ཞིག་ལས། རང་རེ་གཞུང་ཆེན་མོར་སློབ་གཉེར་བྱེད་པ་དག་གིས་དེ་ལྟར་བྱེད་པ་མི་རིགས་ཤིང་། སྨད་པའི་གནས་སོ་སྙམ་དུ་བསམ་པ་སྲིད་མོད། དེ་ནི་དེ་ལྟར་མ་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས་ཀྱང་ལྷ་སར་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་བསྙུང་གནས་མཛད་པའི་ལོ་རྒྱུས་ཡོད་དེ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། སྐབས་ཤིག་ཏུ། ཚ་གོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད། ཅེས་འབྱུང་བ་ལྟར་རོ། །དོགས་གཅོད། འོ་ན་གསང་སྔགས་ཉམས་སུ་ལེན་པ་རྣམས་ཀྱིས་བསྙུང་གནས་བྱེད་ན་རྩ་ལྟུང་འབྱུང་བ་མིན་ནམ་ཞེ་ན། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས། ཀླུ་ནི་བརྒྱད་པ་སྟེ་ཕུང་པོ་ཉོན་མོངས་པར་བྱས་པའི་ལྟུང་བའོ། །དེ་ཡང་སྨྱུང་བར་གནས་པ་ལ་བཀོད་པ་ལ་སོགས་པ་དང་ལུས་གཅོད་པ་ལ་སོགས་པ་བྱེད་པ་ལ་གསུངས་ཏེ། ལུས་ལ་རང་དགར་ཚ་གྲང་དང་བཟའ་བཏུང་གཅོད་པ་དང་ཡན་ལག་གཅོད་པ་སོགས་ཀྱིས་ཉོན་མོངས་པར་རམ་སྡུག་བསྔལ་བར་བྱེད་པའོ། །དཱ་རི་ཀ་པས་རང་གསོད་པར་བྱེད་ན་སེམས་བསྐྱེད་པ་ཙམ་ནས་རྩ་ལྟུང་དང་ཕུང་སོགས་རྒྱལ་བ་དང་ལྷ་མོ་དང་སེམས་དཔར་ཤེས་པ་དང་དེ་མནར་བས་བདེ་བ་ལས་ཉམས་པར་ཤེས་པ་དང༌། གཞན་འདུལ་བའི་དོན་མིན་པ་གསུམ་ཚང་ན་རྩ་ལྟུང་དུ་འཆད་དོ། །ཁ་ཅིག་རང་ཉིད་ལྷར་སྒོམ་པའི་རྣལ་འབྱོར་པས་བཟའ་བཏུང་གཅོད་པའི་སྨྱུང་གནས་བྱས་ན་རྩ་ལྟུང་བསྐྱེད་དོ་ཞེས་ཟེར་བ་ནི་ཧ་ཅང་མ་བརྟགས་པར་སྨྲ་བ་ཡིན་ཏེ། བྱ་སྤྱོད་ཀྱི་སྐབས་སུ་ཡང་ལྷར་བསྒོམ་པ་དང་སྨྱུང་གནས་བྱེད་པ་གཉིས་ཀ་གསུངས་པ་དང་རྡོར་དབྱིངས་ལྟ་བུའི་ལྷའི་སྒོམ་བཟླས་མཐར་ཕྱིན་པས་བུམ་པ་ལ་སོགས་པ་ནམ་མཁའ་ལ་འཇོག་ནུས་པའི་སློབ་དཔོན་གྱིས་ཀྱང་སྨྱུང་བར་གནས་པ་བྱ་བར་གསུངས་པའི་ཕྱིར་ཏེ། རྡོ་རྗེ་འབྱུང་བ་ལས་སློབ་དཔོན་གྱིས་སྤོན༌དུ་བསྙེན་པ་བྱས་པའི་ཡོན་ཏན་སྔར་ལྟར་བཤད་ནས། དཀྱིལ་འཁོར་དུ་འཇུག་པའི་ཞག་ནི་སློབ་དཔོན་སློབ་མ་དང་བཅས་པ་སྨྱུང་བར་གནས་པར་བྱའོ། །ཞེས་གསུངས་པས་སོ། །དེས་ན་ལྟུང་བ་བརྒྱད་པར་འགྲོ་བའི་སྨྱུང་གནས་ནི་རང་དགར་ཕུང་པོ་གཟིར་འདོད་ཀྱི་བསམ་པས་ལུས་སྡུག་བསྔལ་བར་བྱེད་པ་ལ་འཇོག་པས་སྨྱུང་གནས་ཀྱི་མིང་འདྲ་ཡང་དོན་མི་འདྲའོ། །ཞེས་གསུངས་སོ། །འདི་ལ་ད་དུང་ཡང་དཔྱད་པར་བྱ་བ་འདི་ལྟར་སྣང་སྟེ། སྔོན་བཅོམ་ལྡན་འདས་ལོ་དྲུག་དཀའ་སྤྱད་མཛད་སྐབས་འབྲུ་རྡོག་འགའ་ཞིག་བཞེས་ནས་བསྙུང་གནས་ལས་ཀྱང་ལྷག་པའི་དཀའ་སྤྱད་བློས་འཁྱུད་པར་དཀའ་བ་ཞིག་མཛད་ཀྱང་། མཐར་དེ་ངལ་ཞིང་དུབ་པའི་མཐའ་རུ་ལྷུངས་པར་གཟིགས་ནས། དབུ་མའི་ལམ་འཕགས་ལམ་ཡན་ལག་བརྒྱད་སོགས་ཐུགས་ཉམས་སུ་བསྟར་ཏེ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། ལྔ་སྡེ་སོགས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལའང་། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་ལ་སྤངས་པའི་སྒོ་ནས་དབུ་མ་ལམ་ཉམས་སུ་ལེན་དགོས་པར་གདམས་ཏེ། འདུལ་བ་ལུང་གཞི་༼ ང་པ ༽ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རབ་ཏུ་བྱུང་བས་ནི་མཐའ་འདི་གཉིས་ལ་བརྟེན་པར་མི་བྱ། བསྙེན་པར་མི་བྱ། བསྙེན་བཀུར་མི་བྱ་སྟེ། གཉིས་གང་ཞེ་ན། འདོད་པ་རྣམས་ལ་འདོད་པའི་བསོད་སྙོམས་ཀྱི་རྗེས་སུ་བརྩོན་པ། དམན་པ། ངན་པ། ཐ་ཆད་མ་རབས་གང་ཡིན་པ་དང༌། བདག་ཉིད་དུབ་པ་ལ་རྗེས་སུ་བརྩོན་པ། སྡུག་བསྔལ་བ། འཕགས་པ་མ་ཡིན་པ། གནོད་པ་དང་ལྡན་པ་གང་ཡིན་པའོ། །ཁྱེད་ཀྱིས་མཐའ་འདི་གཉིས་ལ་མི་བརྟེན་པར་དབུ་མའི་ལམ་མིག་བྱེད་པ། ཡེ་ཤེས་བྱེད་པ། ཉེ་བར་ཞི་བར་འགྱུར་བ། མངོན་པར་ཤེས་པ་དང༌། རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པར་འགྱུར་བ་ཡོད་དེ། དབུ་མའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ལྟ་སྟེ། ཞེས་སོགས་གསུངས་པ་ལའང་གོ་རྒྱུ་ཤིན་ཏུ་ཆེ་བའི་ཕྱིར་རོ། །འོན་ཀྱང་ངེད་ཅག་གི་བསྙུང་གནས་དེ་བཅོམ་ལྡན་འདས་ཀྱི་ལོ་དྲུག་དཀའ་སྤྱད་ཀྱི་བསྙུང་གནས་དེ་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཏུ་ཁས་འཆེས་ན་ནི་ཁོ་བོ་ལ་ཤོད་རྒྱུ་གང་ཡང་མེད་དོ། །སྒྲ་བཤད་ནི། བསྙུང་གནས་ཞེས་པའི་བསྙུང་ནི་ཉུང་དུ་གཏོང་བའམ་ཉུང་བར་བྱེད་པའི་དོན་ཡིན་པས། ཁ་ཟས་ཉུང་དུ་བཏང་ནས་ཆོས་ཀྱི་ཆེད་དུ་དཀའ་ཐུབ་ལ་གནས་པས་ན་བསྙུང་གནས་ཞེས་བྱའོ། །ཉདང་མྱགཉིས་སྒྲ་གདངས་མཚུངས་པས་སྔོན་གྱི་འབྲི་སྲོལ་ལ་དེ་གཉིས་གདམ་ཀའི་ཚུལ་དུ་འབྲི་བ་ཡོད་དེ། དཔེར་ན། གཉེན་བྱེད་པ་ལ་སྨྱན་བྱེད་པ་དང་། བསྙུང་གནས་ལ་སྨྱུང་གནས། གཉིད་ལམ་ལ་རྨྱིད་ལམ་མམ་རྨྱི་ལམ། ཨ་ཉོག་ལ་ཨ་མྱོག མགོ་ཉང་ཉང་ལ་མགོ་མྱང་མྱང་དང་། བྱ་བརྙངས་ལ་བྱ་རྨྱང་། གཞན་ཡང་པྱདང་ཅགཉིས་སྒྲ་གདངས་མཚུངས་པས་རེས་མོས་ཀྱིས་འབྲི་བའང་ཡོད་དེ། བཅའ་ཁྲལ་ལ་དཔྱ་ཁྲལ་དང་། བཅད་ཤེས་ལ་དཔྱད་ཤེས་ཞེས་འབྲི་བ་ལྟ་བུས་མཚོན་ནོ། །འདི་དག་ནི་གོ་སླ་བ་རྣམས་ཤིན་ཏུ་ལྐོག་གྱུར་དུ་གཏོང་བའི་འབྲི་སྲོལ་ངན་པ་ཞིག་ཡིན་པར་སེམས། ཉུང་བར་བྱེད་པའམ་ཉུང་དུ་གཏོང་བ་ལ་བསྙུང་བ། ཉེ་བར་བྱེད་པའམ་ཉེ་རུ་གཏོང་བ་ལ་བསྙེན་པ། ཐིམ་པར་བྱེད་པ་ལ་བསྟིམ། ཐུང་བར་བྱེད་པ་ལ་བསྟུང། ནག་པོར་བྱེད་པ་ལ་གནག ནོར་དུ་འཇུག་པ་ལ་བསྣོར། ནུབ་པར་བྱེད་པ་ལ་བསྣུབ་ཟེར་བ་སོགས་དཔེ་མཚོན་མང་ངོ་། །སྨྱུང་གནས་དང་བསྙུང་གནས་ཞེས་འབྲི་སྲོལ་གཉིས་ལས་བསྙུང་གནས་ཞེས་བྲིས་ན་ཆེས་ལེགས་པར་སེམས་ཏེ། དེ་ལྟར་བྲིས་ན་ཉུང་དུ་གཏོང་བའི་དོན་དུ་གོ་ནུས་ཤིང་། སྨྱུང་གནས་ཞེས་བྲིས་ན་དེ་ལྟར་དུ་གོ་བ་སྟེར་མི་ནུས་པའི་ཕྱིར་རོ། །དེབ་ཐེར་སྔོན་པོ་སོགས་སུ་ཡང་བསྙུང་གནས་ཞེས་སྣང་བ་ལྟར་བྲིས་ན་ལེགས་སོ། །