5539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་བཀུར
Tibetan Definition 1 (འདུལ་བ) གཡོག་བྱེད་པའི་མིང་། ཞིབ་ཏུ་བཤད་ན། བླ་མ་དང་ཕ་མ་སོགས་རྒན་རབས་ལ་གུས་ཞབས་དང་ལྡན་པའི་སྒོ་ནས་གཡོག་བྱེད་པ་ལ་བསྙེན་བཀུར་རམ་བསྙེན་བཀུར་བྱེད་པ་ཟེར། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་༤༨ན༤ལས། ཁ་ཅིག་སྡིག་པ་བྱེད་པ་ངོ་ཚ་མེད་པ་ཐར་པའི་ལམ་ཡོངས་སུ་བཏང་བ་ཚུལ་ཁྲིམས་འཆལ་ཀྱང་མཁས་པར་མངོན་པའི་ང་རྒྱལ་དང་ལྡན་ཞིང་རྒན་པའི་མངོན་པའི་ང་རྒྱལ་དང་ལྡན་པ་དེ་དག་ཚུལ་ཁྲིམས་དང་ལྡན་པ་དག་ལས་བསྙེན་བཀུར་བདག་གིར་བྱེད་པ་དེ་དག་དགག་པའི་ཕྱིར། སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། སེང་གེ་ལྟ་བུ་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་སྟེ། རི་དྭགས་ཕྲ་མོ་ལྟ་བུའི་ཉོན་མོངས་པ་དག་གིས་མི་ཐུབ་པའི་ཕྱིར་རོ། །ཝ་ལྟ་བུ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་བ་སྟེ་ཁྱི་ལྟ་བུའི་ཉོན་མོངས་པ་དག་གིས་ཕམ་པའི་བྱས་པའི་ཕྱིར་ཏེ། དེ་ལ་སྔ་མས་བསྙེན་བཀུར་མི་བྱའོ། །དེ་ནི་ཐམས་ཅད་དུ་གཏོགས་པ་ཡིན་ནོ། །ཐམས་ཅད་བཀག་པར་ཐལ་བ་ལ། ལ་ལ་ལ་བྱ་བ་བརྩམ་པའི་ཕྱིར་སློབ་དཔོན་དང་མཁན་པོ་ནི་མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ལ་ཡང་བསྙེན་བཀུར་བྱའོ་ཞེས་བྱ་བ་སྨྲས་ཏེ། མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ཞེས་བྱ་བ་ནི། ཕམ་པར་གྱུར་པ་ཐམས་ཅད་ཀྱི་ལྟུང་བ་བྱུང་བའམ། ལྟུང་བ་སྡེ་ལྔ་ཆར་གྱི་ལྟུང་བ་བྱུང་བའོ། །སློབ་དཔོན་དང་མཁན་པོ་ནི་གལ་ཏེ་མཆོག་ཏུ་ཚུལ་ཁྲིམས་འཆལ་བར་གྱུར་ཀྱང་སློབ་མ་དང་ཉེ་གནས་ཚུལ་ཁྲིམས་དང་ལྡན་པས། བསྙེན་བཀུར་བྱ་སྟེ། གཡོག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་སོ། །ཡང་འདི་ལ་སྲིད་ཞུའམ་ཞབས་ཏོག་ཀྱང་ཟེར་རོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། གུས་པ་སྔོན་དུ་སོང་བ་ཅན་གྱི་ལུས་དང་ངག་གིས་འཇུག་པ་ནི་བསྙེན་བཀུར་རོ། །ཞེས་དང་། ཡང་དེ་ཉིད་ལས། བསྙེན་བཀུར་ནི་རྗེས་སུ་མཐུན་པའི་སྒོ་ནས་ཐག་ཉེ་བར་གནས་པ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་། བསྙེན་བཀུར་བགྱི་ཞེས་བྱ་བ་ནི་བསྟེན་པར་བྱ་བའམ་བལྟ་བར་བྱ་བའོ། །ཞེས་འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས་གསུངས་སོ། །