5562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པ་ལ་དགྲ་ལན་གསུམ་བྱུང་ཚུལ
Tibetan Definition སངས་རྒྱས་ཀྱི་བསྟན་པ་ལ་དགྲ་ལན་གསུམ་བྱུང་ཚུལ་ནི། དགྲ་ལན་དང་པོ་བྱུང་ཚུལ་ནི། མུ་སྟེགས་པའི་རྒན་མོ་ཞིག་གིས་ནང་པའི་གཎྜིའི་སྒྲ་ལས་འགེམས་ཞེས་པའི་སྒྲ་ཞིག་ཐོས་ཏེ། དེ་འོ་སྐལ་ལ་གནོད་མི་གནོད་བརྟག་པར་རིགས་སོ་སྙམ་ནས་བརྟགས་པ་ན། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པས། །དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། །མུ་སྟེགས་འཆལ་བའི་ཀླད་པ་རྣམས་པར་འགེམས། །ཞེས་པར་རིག་ནས་དམག་དྲངས་ཏེ་བསྣུབས་སོ། །དགྲ་ལན་གཉིས་པ་ནི། དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། ཉི་འོག་གི་རྒྱལ་པོ་དྷརྨ་ཙནྡྲས་ཟབ་ཆེན་གྱི་གོས་སྲུབས་མེད་པ་ཏ་ཟིག་གི་རྒྱལ་པོ་ལ་སྐྱེས་སུ་བསྐུར་བ་ན། སྟེས་དབང་གི་ཐགས་རིས་ལ་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་ཞིག་བྱུང་བས། ངན་སྔགས་བྱེད་དོ་སྙམ་ནས་ཐེ་ཚོམས་སྐྱེས། ཡང་ལན་ཅིག་གི་ཚེ་ཤིང་སྐྱེས་སུ་བསྐུར་བར་འདོད་པ་ལ། བྲམ་ཟེ་ཞིག་གིས་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་མང་པོ་ཉི་འོད་ལ་བཞག་པ་ལས་རླུང་གིས་འཁྱེར་ཏེ། ཀེ་ལའི་འབྲས་བུ་ཁ་བྱེ་བའི་ནང་དུ་སོང་། དེ་ལ་སོགས་པ་ཤིང་ཏོག་རྣམས་སྒྲོམ་བུ་མར་ཁུས་བཀང་བའི་ནང་དུ་བཅུག་སྟེ་ཏ་ཟིག་གི་རྒྱལ་པོ་ལ་བསྐུར་བ་ན། ཤིང་ཏོག་གི་ནང་ནས་ངན་སྔགས་ཀྱི་འཁོར་ལོ་བྱུང་བས། ངེས་པར་ངན་སྔགས་བྱེད་དོ་སྙམ་ནས་ཏུ་རུཥྐའི་དམག་དྲངས་ཏེ་མ་ག་དྷའི་ཡུལ་ཀུན་བཅོམ། དཔལ་ནཱ་ལེནྡྲར་ཡང་གནོད་པ་ཆེན་པོ་བྱུང་། རབ་ཏུ་བྱུང་བ་རྣམས་ཀྱང་ཐག་རིང་པོར་བྲོས་སོ། །དགྲ་ལན་གསུམ་པ་བྱུང་ཚུལ་ནི། དེ་ནས་ཡང་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། ནང་པའི་གཙུག་ལག་ཁང་ཞིག་ཏུ་ཕྱི་རོལ་པའི་སྤྲང་པོ་གཉིས་སློང་དུ་འོངས་པ་ལ། དགེ་ཚུལ་གཏུམ་པོ་འགས་ཁྲུས་ཆུ་གཏོར་བས་ཁྲོས་ཏེ་ལོ་བཅུ་གཉིས་སུ་ཉི་མ་བསྒྲུབས་ནས། ནང་པའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་ཡོད་པ་ཐམས་ཅད་བསྲེགས། ཁྱད་པར་དུ་དཔལ་ནཱ་ལེནྡྲའི་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་སཱ་གཱར། རཏྣ་ད་དྷི། རཏྣ་རཎྜཀ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གསུམ་ཡོད་པ་དེ་གསུམ་ཆར་ཡང་ཚིག་གོ། རཏྣ་ད་དྷི་ཞེས་བྱ་བའི་གཙུག་ལག་ཁང་དགུ་ཐོག་ཏུ་ཡོད་པའི་སྟེང་ཁང་གི་གླེགས་བམ་འགའ་ཞིག་ལས་ཆུའི་རྒྱུན་བབས་ཏེ་མེ་བསད། ཆུ་རྒྱུན་ཁྱབ་ཚད་དུ་གླེགས་བམ་རྣམས་མ་ཚིག་པར་བཤད་དོ། །མདོར་ན་མི་ཡུལ་དུ་ཡོད་པའི་ཐེག་པ་ཆེན་པོའི་སྡེ་སྣོད་ཆ་བཅོ་ལྔར་བཏང་བའི་ཆ་བཞི་དགྲ་སྔ་མ་གཉིས་ཀྱི་སྐབས་སུ་ནུབ་ཅིང་། ཆ་གཅིག་རང་བཞིན་གྱིས་ནུབ། ལྷག་མ་ཆ་དགུ་ཙམ་མེའི་དགྲ་བྱུང་བའི་རྐྱེན་གྱིས་ནུབ་པས། ད་ལྟ་ཆ་གཅིག་ལུས་པར་གྲགས་སོ། །རྒྱས་པ་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་སོགས་སུ་གཟིགས།