5578

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འགྱུར
Tibetan Definition བཀའ་ཡི་དགོངས་འགྲེལ་དུ་གྱུར་པའི་རྒྱ་གར་མཁས་པའི་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར་ནས་གླེགས་བམ་དུ་བྱས་པ་ལ་བསྟན་འགྱུར་ཞེས་བྱའོ། །དཀའ་བ་དུ་མས་འཕགས་པའི་ཡུལ་བགྲོད་ནས། །མཁས་ཤིང་གྲུབ་པའི་པཎ་གྲུབ་མཐའ་ཡས་དང་། །རྒྱལ་བའི་བཀའ་ཡི་དགོངས་འགྲེལ་དཔག་མེད་པ། །ཕྱོགས་འདིའི་བསོད་ནམས་ཞིང་དུ་ལེགས་པར་དྲངས། །དེ་ལྟར་བསྒྱུར་བའི་དགོངས་འགྲེལ་བསྟན་བཅོས་གང་། །བསྒྱུར་རོ་ཅོག་རྣམས་མཁས་པ་རྣམས་ཀྱིས་ནི། །ཕྱོགས་གཅིག་བསྡུས་ཤིང་གླེགས་བམ་ལ་བཀོད་ནས། །དཀར་ཆག་མཛད་ལ་བསྟན་འགྱུར་ཞེས་སུ་གྲགས། །ཞེས་བསྟན་འགྱུར་རིན་པོ་ཆེ་སྲིད་ཞིའི་རྒྱན་གཅིག་གི་དཀར་ཆག་རིན་ཆེན་མཛེས་པའི་ཕྲ་ཚོམས་ཞེས་བྱ་བ་ལས་གསུངས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོར། གླེགས་བམ་ཉིས་བརྒྱ་དང་བཅོ་བརྒྱད་ཙམ་བཞུགས་པར་གསུངས་ཀྱང་། གོང་དུ་བཤད་པའི་དཀར་ཆག་རིན་ཆེན་མཛེས་པའི་ཕྲ་ཚོམས་ལས། གླེགས་བམ་ཉིས་བརྒྱ་དང་ཉེར་ལྔ་ཡོད་པར་བཤད་དེ། དེ་ཉིད་ལས། རྒྱལ་བའི་བཀའ་ཡི་དགོངས་འགྲེལ་འགྱུར་རོ་ཅོག །གླེགས་བམ་ཉིས་བརྒྱ་དང་ཉེར་ལྔའི་གྲངས། །མཐིང་ཤོག་ནམ་མཁའ་བཞུན་འདྲའི་ངོས་ཡངས་པོར། །དབུ་ཁང་སོ་སོར་ཐུབ་པ་ཆེན་པོ་དང་། །རྡོ་རྗེ་སྙིང་སོགས་དེ་བཞིན་གཤེགས་པ་ནི། །ཞེས་སོགས་གསུངས་སོ། །