5603

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྡུ་བའི་དངོས་པོ་བཞི
Tibetan Definition སློབ་མ་བསྡུ་བའི་ཐབས་བཞི་སྟེ། མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་དང་བཞིའོ། །ཇོ་བོའི་བསྟོད་པ་ལས། མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང༌། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད། །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས། །གཞན་དོན་ལྷུར་མཛད་ཁྱེད་ལ་གསོལ་བ་འདེབས། །ཞེས་གསུངས། མཁོ་བ་སྦྱིན་པ་ནི། ཐོག་མར་གཞན་ལ་མཁོ་བའི་ཡོ་བྱད་སོགས་བྱིན་ནས་གདུལ་བྱ་རྣམས་འཁོར་དུ་བསྡུས་པའོ། །སྙན་པར་སྨྲ་བ་ནི། ཐབས་མཁས་ཀྱི་སྒོ་ནས་ཆོས་ཀྱི་གཏམ་བཤད་དེ་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི། ཇི་ལྟར་བསྟན་པའི་དོན་དེ་རྣམས་ལ་གདུལ་བྱ་རྣམ་སྤྱོད་དུ་འཇུག་པའོ། །དོན་མཐུན་པ་ནི། གཞན་རྣམས་དོན་གང་ལ་སྦྱར་བ་དེ་ལ་རང་ཡང་གནས་ནས་དེ་དང་མཐུན་པར་སློབ་པའོ། །སློབ་དཔོན་རྟ་དབྱངས་ཀྱིས། སྦྱིན་པའི་གཡབ་མོས་ལེགས་བོས་ནས། །སྙན་པར་སྨྲ་བའི་གཏམ་བྱས་ནས། །དོན་སྤྱོད་པ་ཡིས་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བགྱི། །ཞེས་གསུངས་པ་ལྟར་རོ། །གོང་གི་སློབ་དཔོན་རྟ་དབྱངས་ཀྱི་གསུང་འདི། བུ་སྟོན་རིན་པོ་ཆེའི་དུས་འཁོར་གྱི་འགྲེལ་པ་འདོད་འཇོ་དང་། རིགས་པའི་དབང་ཕྱུག་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཕར་ཕྱིན་སྤྱི་དོན་གཉིས་ཀར་སྣང་། རྗེའི་ལམ་རིམ་ཆེན་མོ་ལས། སྦྱིན་པ་འདུ་བ་ནི་སླ་ལ། ཚིག་སྙན་པ་ནི་ཕྱིན་དྲུག་ལས་བརྩམས་ཏེ་གདུལ་བྱ་ལ་འདོམས་པ་ཡིན་ཞིང༌། དོན་སྤྱོད་པ་ནི་གདམས་པའི་དོན་དེ་ལ་གཞན་བཀོད་པ་ཡིན་ལ། དོན་མཐུན་པ་ནི་རང་གིས་ཀྱང་གདུལ་བྱ་དང་འདྲ་བར་བསྒྲུབ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས། དེབ་སྔོན་སྨད་ཆ་༡༠༡༥ལས་ཀྱང་། བླ་མས་སློབ་མ་འཁྲིད་པ་ན་བསྡུ་བའི་དངོས་པོ་བཞིས་འཁྲིད་པར་གསུངས་པ་ལ་དོན་སྤྱོད་པ་ནི་སློབ་མ་ཐབས་ཇི་ལྟ་བུས་ལས་ལ་འཛུད་པའི་ཐབས་དེ་ལ་བྱ་ལ། དོན་མཐུན་པ་ནི་སློབ་མ་ལ་ལམ་གང་བསྟན་པའི་ལམ་དེ་ཉིད་ལ་བླ་མ་ཡང་གནས་པ་ལ་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།