From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བསླབ་བྱིན་དགེ་སློང༌
|
| Tibetan Definition
|
(འདུལ་བ) ཕམ་པ་འཆབ་མེད་ཀྱི་ཆད་ལས་ལ་གནས་པའི་དགེ་སློང༌། དེ་ཡང་ཕམ་པ་འཆབ་མེད་འདག་པར་བྱ་བའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་སྤྱོད་ལྔ་དང་དུ་ལེན་པར་བྱེད་པའི་བསླབ་པ་བྱིན་ཞིང༌། བསླབ་པ་དེ་དག་ཉམས་སུ་ལེན་པར་བྱེད་པའི་དགེ་སློང༌། འདི་ལ་དངོས་བྱུང་གི་ལོ་རྒྱུས་དགོད་བྲོ་བ་ཞིག་ཡོད་པ་འདི་ལྟར། སྔོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྩོད་རྒྱུགས་ཤིག་གི་ཚོགས་དབུར་ཞབས་སེན་འཁོད་སྐབས་ཤིག་ལ། སེ་ར་བྱེས་པའི་གྲྭ་པ་འདུལ་བ་དེ་ཙམ་མི་མཁྱེན་པ་ཞིག་དམ་བཅར་བཞུགས་ཡོད་པར། རིགས་ལམ་པས་བསླབ་བྱིན་དགེ་སློང་ཞོག་ཅེས་སྨྲས་པ་ན། ཁོས་བསླབ་བྱིན་དགེ་སློང་ཞེས་པ་བསླབ་སྡོམ་འབོག་ཆོག་བྱེད་མཁན་ལ་གོ་ནས། ྋརྒྱལ་མཆོག་བཅུ་གསུམ་པའི་ཞལ་རས་ལ་བལྟ་ཙམ་བལྟ་ཙམ་བྱེད་པ་ན། མཁན་པོ་ཞེད་ཐག་ཆོད་ནས་ད་ཡིན་ན་དཔེ་བསགས་སོང་བཀའ་ཉེས་ཕོག་རྒྱུ་ཐག་ཆོད་སྙམ་ནས། གཟན་གྱིས་དབུ་བཏུམས་ནས་ཡི་དམ་པདྨ་དབང་ཆེན་མཁྱེན་ཞེས་སྨོན་ལམ་འདེབས་བཞིན་བཞུགས་པའི་སྐབས། དམ་བཅའ་བས་དོགས་པོ་ཟོས་ཏེ་ཨ་འོ་ཕལ་ཆེར་ངས་མགོ་ལོག་ཆེན་པོ་ཞིག་རྩེད་གྲབས་བྱེད་ཀྱི་མེད་དམ་སྙམ་ནས། ཅི་ཟེར་འདི་ཟེར་མེད་པར་ལམ་སང་སྐད་ཤུགས་ཆེན་པོས་ང་རང་ཆོས་ཅན་ཞེས་བརྗོད་པ་ན། གཡས་གཡོན་ཐམས་ཅད་བཞད་གད་དིར་རེར་གྱུར་པའི་ལོ་རྒྱུས་ཡོད། རྗེས་སོར་༧རྒྱལ་དབང་མཆོག་གིས་གྲྭ་པ་དེ་གཟིགས་པ་ན། འདི་བསླབ་བྱིན་དགེ་སློང་ཞོག་ཟེར་དུས། ང་ཆོས་ཅན་ཟེར་མཁན་དེ་མ་རེད་བས་གསུངས་སྐད། ལོ་རྒྱུས་འདི་ཁོ་བོའི་བླ་མ་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་ཡང་ཡང་སྐུ་རྩེད་དང་སྦྲགས་ནས་གསུང་གི་ཡོད་པ་ལྟར་བཀོད།
|