5654

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བི་ཀྲ་མ་པུ་ར
Tibetan Definition (ལེགས་སྦྱར) ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཁྲུངས་ཡུལ་གྱི་གྲོང་ཁྱེར། བི་ཀྲ་མ་པུ་ར་ཞེས་པ་བོད་སྐད་དུ་བསྒྱུར་ན། རྣམ་པར་རིམ་པའི་གྲོང་ཁྱེར་ཞེས་པའི་དོན་ཡིན་པར། དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་དང་། སཾ་བོད་སྐད་གཉིས་ཤན་སྦྱར་རྣམས་སུའང་གསལ་ཞིང་། དེ་ཡང་། བི་ཞེས་པ་རྣམ་པར། ཀྲ་མ་ནི་ཞེས་པ་རིམ་པ། པུ་ར་གྲོང་ཁྱེར་ཞེས་པའོ། །ཞེས་འབྱུང་ཞིང་། ཀྲ་མ་ཞེས་པ་རིམ་པ་ལ་བསྒྱུར་བ་འཐད་ཀྱང་། ཁོ་བོ་ལྟར་ན། “Vikrampur” བི་ཀྲ་མ་ཞེས་པ་རྣམ་གནོན་དང་། པུ་ར་གྲོང་ཁྱེར་ཡིན་པས། རྣམ་གནོན་གྲོང་ཁྱེར་ཞེས་པའི་དོན་ཡིན་པར་སེམས་སོ། །ནག་ཚོའི་བསྟོད་པ་བརྒྱ་བཅུ་པ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པུ་ར་ཡིན། །ཞེས་བི་ཀྲ་མ་ “ནི” ཞེས་འབྱུང་བའི་ “ནི” སྒྲ་དེ་ནི་བོད་སྐད་ཡིན་ཞིང་། དེ་ཡང་ཚིགས་བཅད་ཀྱི་ཁ་སྐོང་ཙམ་ཡིན་པར་མངོན་ནོ། །ཡ་མཚན་པ་ཞིག་ལ། དེང་སང་གསར་དུ་དབྱིན་སྐད་དུ་བསྒྱུར་བའི་ལམ་རིམ་ཆེན་མོར་ཡང་“Vikramnipur” ཞེས་ནོར་བ་བྲིས་འདུག་གོ། དེར་མ་ཟད་གྲོང་ཁྱེར་དེ་ལ་དེང་སང་ཡང་ “Vikrampur” བི་ཀྲ་མ་པུ་ར་ཞེས་ཟེར་གྱི། བི་ཀྲ་མ་“ནི” པུ་ར་ཞེས་མི་བརྗོད་པའི་ཕྱིར་རོ། །སྙམ་ཡང་ད་དུང་དཔྱད་དོ། །