5655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བི་ཀྲ་མ་ཤཱི་ལ
Tibetan Definition (ལེགས་སྦྱར) རྣམ་གནོན་ངང་ཚུལ་ Vikramasila ཞེས་སྔར་རྒྱ་གར་གྱི་ནང་པའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་ཞིག་གི་མིང་། བི་ཀྲ་མ་ཤཱི་ལ་ཞེས་པའི་ཚབ་ཏུ། ཝི་ཀྲ་མ་ཤཱི་ལ་ཞེས་བྲིས་ན་ཤིན་ཏུ་ལེགས་པར་སེམས་སོ། ། (དཔེ་མང་པོར་བྲི་ཀཱ་མ་ཤཱི་ལ་དང་། བོད་རྒྱ་ཚིག་མཛོད་ཆེན་མོར། བི་ཀྲ་མ་ལ་ཤཱི་ལ་ཞེས་དང་། ཡང་། བི་ཀ་མ་ལ་ཤཱི་ལ་སོགས་སྣ་ཚོགས་ཤིག་འབྱུང་བ་ནི་ཡི་གེ་མ་དག་པར་ངེས་སོ) དེ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་རྫོགས་པའི་རྗེས་སུ་པཱ་ལའི་རིགས་ཅན་བཅུ་བཞི་བྱུང་བའི་བཞི་པ་རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས་མ་ག་དྷའི་བྱང་ཕྱོགས་ངོས་གངྒཱའི་བྱང་ཕྱོགས་ངོས་གངྒཱའི་འགྲམ་དུ་རི་དེའུ་ (རི་དེའུ་ནི་རི་འབུར་ཆུང་ངུ་ཞེས་པའི་དོན) ཞིག་གི་རྩེར་བཞེངས་པར་བཤད། བི་ཀྲ་མ་ཤཱི་ལ་སྟེ་བསྒྱུར་ན་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོར་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་མཁས་གྲུབ་ཀྱི་སྐྱེ་བོ་བར་མ་ཆད་པར་བྱོན་པ་ལས་གཙོ་བོར་གྱུར་པ་ནི། སློབ་དཔོན་སེང་གེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེས་ཆེ་བ་མང་པོ་དང་། མཁས་པ་སྒོ་དྲུག་ཏུ་གྲགས་པ་རྣམས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། རྩོད་དུས་ཀྱི་སངས་རྒྱས་གཉིས་པ་ཨ་བྷྱ་ཀ་ར་གུཔྟ། པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པའི་རིམ་པར་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱངས་པའི་གྲུབ་ཐོབ་དང་པཎྜི་ཏ་བགྲང་ལས་འདས་པ་བྱོན་པའི་སློབ་གཉེར་གྱི་བསྟི་གནས་ཆེན་པོ་ཞིག་གོ། འདི་བཞེངས་པ་པོ་ནི། སློབ་དཔོན་སེངྒེ་བཟང་པོའི་སྦྱིན་བདག་ཆོས་རྒྱལ་དྷརྨ་པཱ་ལ་ཞེས་པ་དེ་ཡིན་པར་ཆོས་འབྱུང་དང་ལོ་རྒྱུས་མང་པོ་ལས་བཤད་དོ། །ཞེས་དབྱངས་ཅན་དགའ་བློ་གསུང་ངོ་། །ར་སའི་གཙུག་ལག་ཁང་གི་བཀོད་པ་ཡང་བི་ཀྲ་མ་ཤཱི་ལའི་ལྷ་ཁང་ལ་དཔེ་བྱས་པར་མཁས་པ་མང་པོས་བཤད། དེང་སང་གངྒཱའི་འགྲམ་དུ་དགོན་ཤུལ་ཞིག་མཇལ་རྒྱུ་ཡོད་པར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ (ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས། བི་ཀྲ་མ་ཤཱི་ལའི་ཤུལ་ནི་གངྒཱའི་འགྲམ་དུ་ “པ་ཐར་གྷཌ” ཟེར་བ་རེད་གསུངས་ཞེས་ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༢༤༢ན་གསལ) གསུང་། ཆག་ཆོས་རྗེ་དཔལ་གྱི་རྒྱ་གར་དུ་བྱོན་སྐབས་གར་ལོག་པས་དགོན་པ་དེའི་བརྩིགས་རྨང་གི་རྡོ་རྣམས་བཏོན་ནས་གངྒཱར་བསྐྱུར་ནས་མི་འདུག་གསུངས་པས་ཕལ་ཆེར་ཕྱི་ལོ་༡༡༩༠ཡས་མས་ལ་མེད་པ་བཟོས་འདུག་ཅེས། ཞྭ་སྒབ་པའི་རྒྱལ་རབས་ན་གསལ། ད་དུང་དཔྱད་དགོས་པར་སྣང་སྟེ། འདི་སྐོར་རྩོམ་སྒྲིག་པ་མང་པོའི་བཤད་པ་སྣ་ཚོགས་ཤིག་འདུག་ཀྱང་། དེང་དུས་ཀྱི་ས་འོག་སྔོག་འདོན་པས་རྙེད་སོན་བྱུང་བའི་བི་ཀྲ་མ་ཤཱི་ལའི་དགོན་ཤུལ་ཡིན་པར་ཚོད་དཔག་བྱེད་རྒྱུའི་ས་ཤུལ་དེ་ནི། Bhagalpur གྱི་རྫོང་ཁོངས་སུ་གཏོགས་པའི་གྲོང་གསེབ་ Antichak ནང་ཡོད་པའི་འགྲེལ་བརྗོད་བྱེད་ཅིང་། ས་འོག་སྔོག་འདོན་གྱི་ལས་འགུལ་༡༩༦༠-༦༡ཡས་མས་ནས་འགོ་བརྩམས་པ་ནས་བཟུང་། རྡོ་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་མང་དག་ཅིག་དང་། མཆོད་རྟེན། ཐེལ་ཙེ་སོགས་རྙེད་སོན་བྱུང་ཞིང་། ཁོར་ཡུག་གི་བཀོད་པ་ནི་མཐའ་རྡོ་ཡིས་ར་བས་བསྐོར་བའི་དབུས་སུ་དགོན་སྡེ། དེའི་དབུས་སུ་གཙུག་ལག་ཁང་། དེའི་མཐའ་སྐོར་དུ་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་བཅས་སོ། །བི་ཧཱ་ར་མངའ་སྡེའི་གཞུང་གི་ནང་པའི་གནས་མཇལ་ལམ་ཡིག་གི་འཛམ་གླིང་དྲ་རྒྱའི་ནང་དགོན་ཤུལ་སོགས་ཀྱི་བརྙན་སྤར་ཡང་འགའ་ཤས་མཇལ་རྒྱུ་འདུག མེ་འཁོར་འབབ་ཚུགས་ཉེ་ཤོས་ནི་ Khalgaon ཡིན་འདུག རྒྱས་པར་གཤམ་གསལ་གྱི་བི་ཧཱར་མངའ་སྡེའི་དྲ་རྒྱ་ཞིག་འདུག་པ་དེར་གཟིགས་པར་ཞུ།