5659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བི་མ་ལ་མི་ཏྲ
Tibetan Definition (ལེགས་སྦྱར) བི་མ་ལ་མི་ཏྲ་བོད་སྐད་དུ་བསྒྱུར་ན་དྲི་མེད་བཤེས་གཉེན་ཞེས་པ་ཡིན་ལ། དེ་ལ་སྔ་ཕྱི་གཉིས་བྱུང་བ་དེབ་སྔོན་དུ་གསལ་ལོ། །1 སྔ་མ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་མཚན་གྱི་དུས་སུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་དེ་ཡིན་ལ། འདི་ནི་ཡོངས་གྲགས་ཀྱི་བི་མ་ལ་མི་ཏྲ་དེ་ཡིན་པར་སེམས། དེ་ཡང་དེབ་སྔོན་ལས། དེ་ལ་སློབ་དཔོན་བི་མ་ལ་མི་ཏྲ་ཡང༌། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་མངའ་བདག་རལ་པ་ཅན་གྱི་བར་དུ། བི་མ་ལ་མི་ཏྲ་སྔ་ཕྱི་གཉིས་བྱུང་བ་སྔོན་གྱི་ཡིག་རྙིང་དག་ལ་སྣང་སྟེ། སྔ་མ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བ། རབ་ཏུ་བྱུང་བའི་ཆ་བྱད་དུ་མེད་པར་རྣལ་འབྱོར་པའི་ཆ་བྱད་དུ་ཡོད་པས། རྒྱལ་བློན་རྣམས་ཕྱི་པ་དང་ནང་པ་གང་ཡིན་ཐེ་ཚོམ་ཟ་ཞིང་རྣམ་སྣང་གི་ལྡེར་ཚོ་ལ་ཕྱག་བྱས་གུས་པས་ཀྱང་ཐེ་ཚོམ་ཟོས་པའི་གཏམ་སྣང་ཞིང༌། ཐེ་ཚོམ་བཟློག་པའི་ཕྱིར་སྐྱབས་འགྲོ་ཡན་ལག་དྲུག་པ་མཛད་པ་ལས། རྒྱལ་བློན་ཡིད་ཆེས་མ་གྱུར་པས། སྐྱབས་འགྲོ་ཡན་ལག་དྲུག་པ་བྱས། །ཞེས་ཀྱང་འབྱུང་ངོ༌། །འདིས་ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ་དང༌། རིམ་གྱིས་འཇུག་པའི་སྒོམ་དོན་དང༌། ཅིག་ཅར་འཇུག་པའི་སྒོམ་དོན་གཉིས་ཀྱང་མཛད་དེ། དེ་དག་གི་ཚུལ་ལ་བལྟས་ན་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་ཙམ་ལ་བྱོན་པ་འདྲའོ། །ཡང་སློབ་དཔོན་པདྨ་འབྱུང་གནས་དུས་མཚུངས་པར་བོད་ལ་ཕེབས་པར་ཡང་གསུངས་ཏེ། བློན་པོ་བཀའི་ཐང་ཡིག༣༩༠ལས། རྒྱལ་སྲིད་ཟས་ཀྱིས་སྐྱོང་བས་མངའ་ཐང་ཆེེ༔ ཨོ་རྒྱན་མཁན་པོ་པདྨ་སཾ་བྷ་དང༔ པཎ་ཆེན་བི་མཱ་མི་ཏྲ་གདན་དྲངས་ནས༔ དབུས་སུ་བསམ་ཡས་རུ་བཞིར་མཐའ་འདུལ་སོགས༔ གཙུག་ལག་ཁང་ནི་བརྒྱ་དང་རྩ་བརྒྱད་བཞེངས༔ ཞེས་གསུངས་སོ། །2 བི་མ་ལ་མི་ཏྲ་ཕྱི་མ་ནི། སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ་བཅུ་པ་མཛད་པ་པོ་སྟེ། རྟེན་ཡང་དགེ་སློང་དུ་འཐད་དོ། །བི་མ་ལ་སྔ་མས་སྙིང་ཐིག་གི་གདམས་པ་འདི་རྒྱལ་པོ་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་གསུངས་པ་དང༌། དེ་ནས་བི་མ་ལ་རྒྱའི་ཡུལ་དུ་བྱོན་ཏོ། །ཞེས་དེབ་སྔོན་གླེགས་བམ་སྟོད་ཆ་༢༣༨ན་གསལ་བ་ལྟར་རོ། །ཡང་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ནི། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་འདི་དགའ་རབ་རྡོ་རྗེའི་དངོས་སློབ་སྟེ་ཕྱག་རྒྱ་རྒྱ་ཆེན་ཞེས་བཱི་མ་ལ་མུ་དྲ་དག་པར་ཀློང་ཆེན་པ་འཆད། དེབ་སྔོན་པས་འདི་བི་མ་ལ་སྔ་མར་བྱས་ནས་རྣལ་འབྱོར་པའི་ཆ་བྱད་ཅན་ཡིན་ཟེར་བ་ཁུངས་མེད་པས་པཎ་ཆེན་དུ་སྐུ་འདྲ་རྙིང་མ་རྣམས་ལ་ཡོད། ཅེས་ཀྱང་གསལ་ལོ། །