From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བུ་སྟོན་རིན་ཆེན་གྲུབ
|
| Tibetan Definition
|
རྩོད་དུས་ཀྱི་ཀུན་མཁྱེན་ཆེན་པོ་བུ་སྟོན་ཐམས་ཅད་མཁྱེན་པ་ནི། ས་དགེ་བཀའ་རྙིང་གི་གྲུབ་མཐའ་གང་གིའང་ཁོངས་སུ་མི་གཏོགས་པའི་བོད་ཀྱི་གྲུབ་མཐའ་ཉི་ཚེ་བ་གྲགས་ཅན་འགའ་ཞིག་བྱུང་བའི་ནང་གསེས་ཡིན་ཞིང༌། ཁོང་གི་གྲུབ་མཐའ་ལ་ཞ་ལུ་བའི་གྲུབ་མཐའམ་བུ་ལུགས་ཞེས་གྲགས། ཕྱི་ལོ་༡༢༩༠།༣།༢༤ ཉིན་གཙང་རུ་ལག་གི་ཆར་གཏོགས་པའི་ཡུལ་ཤབ་སྨད་སྒོམ་གནས་དགོན་གསར་ཞེས་པར་སྐུ་འཁྲུངས་ཤིང༌། ཁྲོ་ཕུ་པ་བསོད་ནམས་སེང་གེ་དང༌། ཐར་པ་ལོ་ཙཱ་བ། ཀུན་མཁྱེན་འཕགས་འོད་སོགས་བླ་མ་མང་པོ་བསྟེན་ནས་ཐོས་བསམ་རྒྱ་ཆེན་པོ་མཛད་པས་རིག་པའི་གནས་མཐའ་དག་ལ་མཁས་པའི་རྩེར་སོན་ཏེ། བོད་འདིར་མཁྱེན་རྒྱ་དང་རྩོམ་རྒྱ་ཁོང་ལས་ཆེ་བ་ཞིག་མ་བྱུང་བར་གྲགས། བརྩམས་ཆོས་ཀྱང་པོད་ཉི་ཤུ་རྩ་དྲུག་ཡོད། ཞ་ལུ་ཆོས་སྡེར་རྒྱུད་སྡེ་བཞིའི་དབང་དང་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པའི་འཆད་ཉན་ཡུན་རིང་མཛད། སློབ་མ་ཀོང་གསུམ་པ་ཆོས་ཀྱི་དཔལ་བ། ཁྱུང་ལྷས་པ། སྒྲ་ཚད་རྣམས་ལས་དུས་འཁོར། བདེ་མཆོག རྣལ་འབྱོར་རྒྱུད་ཀྱི་སྐོར་རྣམས་རྒྱལ་བ་ཙོང་ཁ་པས་ཀྱང་གསན། དེའི་བརྒྱུད་འཛིན་ཤར་ཆེན་དང་ཙནྡྲ་བ་སོགས་རིམ་པར་བྱོན། རྗེ་དེ་ཉིད་གྲུབ་མཐའ་མཐའ་དག་ལ་སྦྱངས་པའི་མཁས་པ་འགྲན་ཟླ་མེད་པ་ཞིག་ཡིན་ཞིང༌། ལྟ་བའི་བཤད་པ་ནི་བཀའ་གདམས་པ་དང་མཐུན་ཤས་ཆེ་ཞིང༌། ཟླ་བའི་གཞུང་ལ་གཙོ་བོར་མཛད་པར་བཤད། ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཐམས་ཅད་ཀྱིས་ཚད་མར་བྱེད། དགུང་གྲངས་བདུན་ཅུ་དོན་བཞི་པར་ཞི་བར་གཤེགས་སོ། ། (1290-1364)
|