5737

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བེའུ་བུམ་སྔོན་པོ
Tibetan Definition དགེ་བཤེས་པོ་ཏོ་བའི་ལམ་རིམ་གྱི་སྐོར་གྱི་གསུང་སྒྲོས་ཉེ་བར་མཁོ་བ་རྣམས་བཀའ་བབ་ཀྱི་བུ་ཆེན་བརྒྱད་ཀྱི་ནང་ཚན་དགེ་བཤེས་དོལ་པ་ཤེས་རབ་རྒྱ་མཚོས་བསྒྲིགས་པ་ལ་ཟེར། འཁྲུངས་ཡུལ་དོལ་པ་ཡིན་པས་དགེ་བཤེས་དོལ་པ་དང་། མཚན་དངོས་ཤེས་རབ་རྒྱ་མཚོ། ཡ་གད་དུ་བཞུགས་པས་ཡ་གད་པ་ཞེས་ཀྱང་གྲགས་སོ། །སྒྲ་བཤད་ནི། བེའུ་བུམ་ནི་པོ་ཏི་ཆུང་ངུའི་མིང་དང་། ཐུམ་སྔོན་པོ་ཞིག་ཏུ་དྲིལ་ནས་བཞག་པས་བེའུ་བུམ་སྔོན་པོར་གྲགས། དེ་ལ་སྲས་ཀྱི་ཐུ་བོ་ལྷ་འབྲི་སྒང་པ་ཞེས་བྱ་བས་དགེ་བཤེས་དོལ་པ་ཉིད་ཀྱི་གསུང་སྒྲོས་གཞིར་བཞག་ནས་འགྲེལ་པ་ལེགས་པ་ཞིག་མཛད་པ་དིང་སང་དར་རྒྱས་ཆེ་བ་འདི་ཉིད་ཡིན་ཞིང་། འགྲེལ་པ་འདིའི་མཇུག་ཏུ་སློབ་དཔོན་ཇོ་བོས་སྦྱར་བའོ། །ཞེས་པ་ལྷ་འབྲི་སྒང་པ་ཡིན་ཏེ། ཡོངས་འཛིན་ཐམས་ཅད་མཁྱེན་པས་མཛད་པའི་མདོ་དཀོན་མཆོག་རྗེས་དྲན་གྱི་རྣམ་བཤད་དུའང་། འགྲེལ་པ་འདིའི་སངས་རྒྱས་རྗེས་དྲན་སྐབས་ཀྱི་ལུང་དྲང་བའི་ཚེ། བེའུ་བུམ་གྱི་འགྲེལ་པ་ལྷ་འབྲི་སྒང་པས་མཛད་པ་ལས། ཞེས་གསུངས་སོ། །ཞེས་དབྱངས་ཅན་དགའ་བློའི་«སོམ་ཉི་མུན་སེལ»ལས་གསུངས་པ་ལྟར་རོ། །རྗེ་ཙོང་ཁ་པའི་ཞལ་ནས། དགེ་བཤེས་ཡིན་ན་བེའུ་བུམ་སྔོན་པོ་ལ་བལྟ་དགོས་ཞེས་བསྔགས་པ་མཛད་ཅིང༌། ལམ་རིམ་དུ་ཁུངས་ཀྱང་མང་དུ་དྲངས་སྣང་ངོ༌། །