5752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོད
Tibetan Definition སངས་རྒྱས་ཀྱིས་ལུང་གིས་ཟིན་ཅིང་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཁ་བ་གངས་ཅན་གྱི་ལྗོངས་ནི། རྒྱ་གར་འཕགས་པའི་ཡུལ་དང༌། བལ་ཡུལ། འབྲུག་ཡུལ་སོགས་ནས་བརྩིས་ན་བྱང་རྒྱུད་དུ་ཡོད་ཅིང༌། གནའ་བོའི་རྒྱལ་རབས་རྣམས་སུ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་བཤད་པའི་ས་ཁུལ་ཐམས་ཅད་དོ། །འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་སྔོན་དུ། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅིང༌། སྟོན་པ་ཐུབ་པ་བྱོན་པའི་དུས་ལས་སྔ་བ་རྩོད་ལྔན་གྱི་ཐོག་མ་སྐྱ་སེང་བུ་ལྔས་དཔུང་ཚོགས་ཡན་ལག་བཅོ་བརྒྱད་དམ་བཅུ་གཉིས་བཅོམ་པའི་ཚེ། རཱུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ནས་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས། དིང་སང་ན་ཡང་བོད་ཅེས་བྱ་བ་གྲགས་པ་ཡིན་ནོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དེ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཡུལ་འདི་ལ་སྔོན་མིང་པུ་རྒྱལ་ཞེས་ཟེར་ལ། ཕྱིས་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་གསུང་དང་སྦྱར་ན་འབྱོར་རོ། །ཁྱད་པར་ཐུབ་པ་བཞུགས་པའི་དུས་ན་བོད་ཅེས་པ་ལུང་རྣམ་འབྱེད་དུ་བཤད་ལ། དུས་ཀྱི་འཁོར་ལར་ཡང་འཕགས་པ་བོད་ལ་སོགས་རྣམས་ལ། ཞེས་གསུངས་སྣང་ངོ༌། །ཞེས་གསལ། བོད་ཅེས་པའི་ཐ་སྙད་བྱུང་ཚུལ་ནི། རྒྱ་གར་གྱི་བྷོཊ་ལས་བོད་བྱུང་ཞེས་པ་དང༌། བོད་ལས་བྷོཊ་བྱུང་ཞེས་སྨྲ་མཁན་གཉིས་འབྱུང་ཡང༌། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོ་ལས། རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས། རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས། རྒྱ་གར་པ་རྣམས་རང་རེ་ལ་བྷོ་ཊ་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཚེ་བོ་དང་ད་གཉིས་ཀ་གསལ་བར་འཐོན་པའི་དབང་གིས། བོད། བྷོར། བྷོཊ། ཞེས་རིམ་གྱིས་འགྱུར་ནས་དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་སྐད་དུ་ཕར་ལ་ཟུར་ཆག་པ་ཡིན་གྱི་རྒྱ་གར་པས་ཚུར་བཏགས་པ་ཞིག་ནི་མིན་པར་སེམས། ཞེས་གསུངས། (གནའ་དུས་བོད་ཀྱི་ཀློག་སྟངས་ལའང་རྗེས་འཇུག་སོགས་གསལ་བར་འདོན་ཚུལ་ཞིག་ཡོད་པ་ནི། དཔེར་ན་ལ་དྭགས་ཀྱི་ཡུལ་སྐད་ལ། སངས་རྒྱས་ཞེས་བརྗོད་ཚེ་མཇུག་གི་ཡང་འཇུག་གི་ས་དང་བཅས་པ་གསལ་བར་ཐོན་པར་ཀློག་པ་འདིས་ཀྱང་མཚོན་ནུས་ཤིང༌། ལ་དྭགས་ཀྱི་ཡུལ་སྐད་སྒྲ་དག་པོ་བརྗོད་ན་དག་ཡིག་ལོགས་སུ་སློབ་མི་དགོས་པ་ལྟར་འདུག་པས་ཡུལ་སྐད་ཧ་ཅང་རྩ་ཆེན་ཞིག་ཏུ་སྣང་མོད། འོན་ཀྱང་ཕྱིས་སུ་ཐམས་ཅད་ལ་སའི་ཡང་འཇུག་སྦྱར་ཏེ། དཔེར་ན་འཇམ་དཔལ་ལ། འཇམསེ་དཔལ་ཞེས་འདོན་པ་ལྟ་བུས་ཉམས་སྨད་པར་བྱས་སོ) བོད་ཅེས་པའི་ཐ་སྙད་བྱུང་ཚུལ་ལ། འདོད་རྒྱལ་གྱི་བརྡ་ཙམ་ཡིན་ཟེར་བ་དང༌། བོན་པོ་རྣམས་ཀྱིས་བོན་ཡུལ་ཟེར་རྒྱུ་ཡིན་པ་ལ་ཟུར་ཆག་སྟེ་བོད་ཅེས་ཐོགས་པ་ཡིན་ཞེས་འདོད་པའི་ཚུལ་དང༌། ཡང་ན་ནི་རྗེ་གཉའ་ཁྲི་སོགས་ལ་བོད་དེ་དང་སྤུར་རྒྱལ་ཞེས་འབོད་པ་དེ་ཡང༌། ཡོངས་གྲགས་ཀྱི་བསམ་འཁྱེར་ལྟར་ན། ཡུལ་གྱི་མིང་རྒྱལ་པོ་ལ་ཐོགས་པ་ལྟར་སྣང་མོད་ཀྱི་དོན་ལ་རྒྱལ་པོའི་མིང་ཡུལ་ལ་ཐོགས་པ་སོགས་ཀྱང་སྲིད་ཅེས་པའི་འདོད་ཚུལ་སོགས་ཡོད་དོ། །ད་ལྟ་རྒྱ་ནག་པ་མ་གཏོགས་ཡུལ་ཆེན་ཀུན་ཏུ་བོད་ཀྱི་མིང་ལ་ཏི་བྷད་བྱ་བར་གྲགས། འདི་ནི་རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཀྱི་མིང་ལ་ཏུའུ་ཕན་དུ་འབོད་པ་དང༌། དེ་མཚུངས་སོག་པོའི་སྐད་དུ་ཐུ་བྷད་ཅེས་འབོད་པ་འདི་རང་ཟུར་ཆག་པར་མངོན་ལ། འོན་ཀྱང་འགའ་ཞིག་ན་རེ། བརྡ་དེ་ཐོག་མར་ཁ་ཆེའི་ཡུལ་དུ་གྲགས་ཤིང༌། དེ་ཡང་ཁོང་རྣམས་ལ་དྭགས་ཕྱོགས་དང་འབྲེལ་ཆེ་བས། ཡུལ་དེ་པ་རྣམས་ལ་ནི་སྟོད་བོད་དམ་སྟོད་པ་ཞེས་འབོད་པ་ལས་བརྡ་དེ་ཉིད་ཟུར་ཆག་གོ་ཞེས་ཟེར། ཞེས་གསུངས། སྒོ་མང་མཁན་ཟུར་སོག་པོ་ངག་དབང་ཉི་མས། བོད་དེ་ཉིད་འཛམ་གླིང་གི་དབུས་སམ་དཀྱིལ་ལྟ་བུ་ས་མཐོ་ཤོས་ཡིན་པས། སོག་སྐད་དུ་ཐུ་བོད་ཅེས་འབོད་པས། ཐུ་བཞག་ནས་བོད་ཅེས་བརྗོད་པ་ཡིན་ནམ་སྙམ་ཞེས་ཀྱང་གསུངས་སོ། །འདིའི་སྐོར་ཞིབ་པ་མཁས་དབང་དགེ་འདུ་ཆོས་འཕེལ་དང་ཞྭ་སྒབ་པའི་རྒྱལ་རབས་སོགས་ལ་གཟིགས།