5754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོད་ཀྱི་བུད་མེད་སྨན་པ་མཁས་ཅན་མཁའ་འགྲོ་དབྱངས་དགའ་ལགས
Tibetan Definition ཁོང་ནི་ཡབ་ཆབ་མདོ་ས་གནས་རི་བོ་ཆེའི་ཡང་མགོན་བླ་བྲང་གི་བླ་མ་རྗེ་དྲུང་བྱམས་པ་འབྱུང་གནས་དང༌། ཡུམ་ཆབ་མདོ་ས་གནས་ཁམས་ས་སྒང་ནས་ཡིན་པའི་བུ་མོ་ཚུལ་ཁྲིམས་གཉིས་སུ་སྲས་མོར་ཕྱི་ལོ་༡༩༠༧།༡།༡ཉིན་འཁྲུངས། མཚན་དངོས་དབྱངས་ཅན་ལྷ་མོ་ཡིན་ཞིང༌། མཁའ་འགྲོ་དབྱངས་དགའ་ནི་ཆུང་མིང་དང་གཅེས་མིང་ཡིན། ཁོང་གི་སྲས་དགུང་གྲངས་༦༥ལ་ཕེབས་པ་འཇམ་དཔལ་ཀུན་ཁྱབ་དང༌། སྲས་མོ་ཡེ་ཤེས་དབང་མོ་དགུང་གྲངས་༧༧ལ་ཕེབས་པ་གཉིས་ཡོད། སྨན་པ་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་ཁོང་གི་ལོ་རྒྱུས་ཤིག་ཀྱང་ཡོད་ཚུལ་གསུངས། ཁོང་གིས་ཕྱི་ལོ་༡༩༤༨ལོར་འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་ (འབྲུག་གི་རྒྱལ་པོ་གཉིས་པ་དེ་ཡིན) སྤྱན་ལོང་ནས་ཕྱི་རྒྱལ་གྱི་སྨན་པ་བསྟེན་ཀྱང་དྲག་སྐྱེད་མ་བྱུང་བར་བརྟེན་བོད་ཀྱི་བུད་མེད་སྨན་པ་མཁས་ཅན་མཁའ་འགྲོ་དབྱངས་དགའ་ལགས་གདན་འདྲེན་ཞུས་ཏེ། སྨན་བཅོས་བྱས་ཏེ་མིག་ཕྱེ་ཐུབ་པ་བྱུང་ནའང་འབྲུག་རྒྱལ་ནས་མདའ་རྒྱག་ཐུབ་ཐུབ་ཀྱི་བར་བཞུགས་རོགས་ཞེས་རེ་སྐུལ་ཞུས་པ་བཞིན་བཞུགས་ཤིང༌། ཟླ་ཤས་རྗེས་སྔོན་སྤྱན་མ་ལོང་བའི་སྐབས་སུ་མདའ་འཕེན་པ་ལྟར་འཕེན་ནུས་པ་ཆགས་ནས་དེ་ནས་ཁོང་བོད་ལ་ཕྱིར་ལོག་ཕེབས། ཁོང་ནས་ནད་པ་སུམ་བརྒྱ་ལྷག་ཙམ་གྱི་མིག་ཕྱེ་ཐུབ་པ་བྱུང་ཞིང༌། མཁའ་འགྲོ་དབྱངས་དགའ་ལགས་དང་ཁོང་གི་ཡབ་གཉིས་ཀ་མིག་འབྱེད་ཀྱི་ལག་རྩལ་ལ་དམིགས་བསལ་གྱི་མཁས་པ་ཞིག་ཡིན་ཞིང༌། བུད་མེད་ཀྱི་ནད་ལའང་མཁས་པ་ཆེན་པོ་ཡིན། ཁོང་༡༩༧༧ལོར་སྐུ་གཤེགས། སྨན་པ་མཁས་ཅན་མཁའ་འགྲོ་དབྱངས་དགའ་ལགས་ཀྱི་ལོ་རྒྱུས་འདི་བཞིན་ཁོང་གི་སྲས་འཇམ་དཔལ་ཀུན་ཁྱབ་དང༌། སྲས་མོ་ཡེ་ཤེས་དབང་མོ་གཉིས་ཀྱིས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་དུ་ཕྱི་ལོ་༢༠༠༧།༠༢།༡༦ཉིན་འཕྲོད་བསྟེན་ལེ་ཚན་དུ་བགྲོ་གླེང་གནང་སྐབས། ངེད་ནས་ལོ་རྒྱུས་གལ་ཆེན་ཞིག་ཏུ་མཐོང་ནས་ཟིན་བྲིས་སུ་བཏབ་བོ། །གཞན་ཡང༌། མིག་འབྱེད་ཀྱི་ལག་རྩལ་འདི་སྔ་མོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡབ་མེས་ (པོ་པོ) སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་ཀྱི་སྨན་པས་རྒྱལ་པོའི་སྤྱན་ཕྱེ་ཐུབ་པའི་ལོ་རྒྱུས་དང༌། དུ་ཀཱུ་ལའི་གོས་བཟང་དེབ་གཉིས་པ་༢༤༡ལས། རྒྱའི་ཧ་ཤང་གིས་བསླབས་ནས་བོད་པའི་སྨན་པས་མིག་ཁ་ཤས་ཕྱེ་ཐུབ་པ་བྱུང་ཚུལ་གསུངས་ཡོད།