From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བོད་ཀྱི་རྒྱལ་དར
|
Tibetan Definition
|
བོད་ཀྱི་རྒྱལ་དར་གྱི་འགྲེལ་བཤད་མདོར་བསྡུས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་བོད་ལ་དར་ཆ་མི་འདྲ་བ་གསུམ་ཙམ་ཡོད་ཅིང་། དེ་དག་གཞི་བྱས་ཏེ་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ད་ལྟའི་བོད་ཀྱི་རྒྱལ་དར་འདི་ཉིད་གསར་གཏོད་མཛད། མཚོན་དོན་ནི། ཉི་མས་རང་དབང་དང་ཕན་ཚུན་འདྲ་མཉམ། བདེ་སྐྱིད་བཅས་མཚོན། ཚལ་པ་ (ཆ་ཤས་སམ་དུམ་བུ) དམར་པོ་དྲུག་གིས་བོད་ཀྱི་མེས་པོ་མིའུ་གདུང་དྲུག (མིའུ་གདུང་དྲུག་ནི། སེ། རྨུ། ལྡོང་། སྟོང་། དཔྲ། འདྲུ་སྟེ་དྲུག) ཚལ་པ་སྔོན་པོ་དྲུག་གིས་དེ་དག་ལས་མཆེད་པའི་བོད་ཀྱི་གདུང་རྒྱུད། ཚལ་པའི་ཁ་དོག་དམར་སྔོན་གཉིས་ཀྱིས་སྲུང་མ་དམར་ནག་གཉིས། (སྲུང་མ་དམར་ནག་གཉིས་ནི། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་། དཔལ་ལྡན་ལྷ་མོ་གཉིས་སོ) གངས་རིས་བོད་ཀྱི་ཡུལ། སེངྒེ་གཉིས་ཀྱིས་ཆོས་སྲིད་ཟུང་འབྲེལ། ནོར་བུ་ཆ་གསུམ་པས་དཀོན་མཆོག་གསུམ། ནོར་བུ་དགའ་འཁྱིལ་གྱིས་དགེ་བ་བཅུའི་ཉམས་ལེན། མཐའ་ཁྱེར་གྱི་ཚལ་པ་སེར་པོས་གསེར་སྦྱངས་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་མཚོན་པ་བཅས་སོ། །
|