5760

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོད་ཀྱི་སོ་ཐར་གྱི་སྡོམ་རྒྱུན་མི་འདྲ་བ་གསུམ
Tibetan Definition (འདུལ་བ) གངས་ཅན་གྱི་ཁྲོད་འདིར་བསྙེན་པར་རྫོགས་པའི་སྡོམ་པའི་བརྒྱུད་པ་གསུམ་བྱུང་སྟེ། ༡ མཁན་ཆེན་ཞི་བ་འཚོའི་ལུགས་བླ་ཆེན་པོ་ནས་བརྒྱུད་པ་དང་། (འདི་ལ་སྨད་འདུལ་ཟེར) ༢ རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལས་མངའ་རིས་སུ་པཱ་ལ་རྣམ་གསུམ་ལ་སོགས་པ་ལས་བརྒྱུད་པ་དང་། (འདི་ལ་སྟོད་འདུལ་ཟེར) ༣ ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལས་བརྒྱུད་པའི་སྡེ་གསུམ་དུ་ངེས། ཐ་མ་འདི་ལ་པཎ་ཆེན་སྡོམ་རྒྱུན་ཟེར། (རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་དགེ་སློང་གི་སྡོམ་རྒྱུན་ཡང་པཎ་ཆེན་སྡོམ་རྒྱུན་ཡིན་པར་དེབ་སྔོན་དུ་གསུངས་ཏེ། དེབ་སྔོན་སྟོད་ཆ་༥༨ལས། ཐུབ་པའི་དབང་པོ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཡང་དགེ་སློང་གི་དངོས་པོ་ནི་པཎ་ཆེན་གྱི་བརྒྱུད་པ་ལས་བརྙེས་སོ། །ཞེས་གསུངས་སོ) སྤྱིར་བཏང་སྡོམ་རྒྱུན་ལ། ཐམས་ཅད་ཡོད་པར་སྨྲ་བ། དགེ་འདུན་ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བའི་སྡེ་པ་སྟེ་བཞི་ཡོད་པ་ལས། བོད་ཀྱི་འདུལ་བ་འཛིན་པ་ཐམས་ཅད་སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པུ་ཡིན་པར་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་སྨད་ཆ་༡༢༣༧ལས་གསུངས་སོ། །