5762

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོད་ཕྲུག་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བཏང་བའི་ཐོག་མ
Tibetan Definition ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་བོད་ལ་དབྱིན་ཇི་དང་རྒྱ་ནག་མན་ཇུའི་དྲག་པོའི་དམག་མིས་དཔུང་འཇུག་བྱས་ཏེ་དང་པོ་སོག་ཡུལ་དང༌། དེ་ནས་རྒྱ་ནག་པེ་ཅིང༌། དེ་ནས་རྒྱ་གར་བཅས་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། དེའི་རྐྱེན་བྱས་ཏེ་ྋགོང་ས་མཆོག་གི་དགོངས་པར་བོད་འདི་བཞིན་ད་བར་འཛམ་གླིང་གཞན་དང་འབྲེལ་བ་མ་བྱས་པར་གཅིག་པུར་བསྡད་པའི་སྐྱོན་དང༌། ཕྱི་རྒྱལ་གྱི་སྐད་ཡིག་སོགས་གལ་གནད་ཆེན་པོ་ཡིན་པ་མཁྱེན་ཏེ་དབྱིན་ཇིའི་གཞུང་གི་མཐུན་རྐྱེན་རོགས་རམ་འོག་གཞུང་ཞབས་ཀྱི་ཕྲུག་གུ་བཞི་ཨིང་ལེན་རག་སྦིའི་RUGBY, ENGLAND ཞེས་པའི་སློབ་གྲྭར་གཏོང་གནང་མཛད་འདུག དེ་ནི་བོད་མི་ཕྱི་རྒྱལ་དུ་སློབ་སྦྱོང་དུ་ཐོན་པ་དང་པོ་རེད། དང་པོ། སྨོན་གྲོང་མཁྱེན་རབ་ཀུན་བཟང་ནས་ས་གཏེར་འདོན་ལས་སློབ་སྦྱོང་བྱས་ཏེ། འོན་དང༌། དག་པོ། བྱང་ཁུལ་ནས་ས་གཏེར་མི་འདྲ་བ་འགའ་ཤས་ཡོད་པའི་སྙན་སེང་ཞུས་པར་བསམ་མེད་འགའ་ཤས་ནས་ས་གཏེར་འདོན་ལས་བྱས་ན་ཡུལ་གྱི་ས་བཅུད་ལ་གནོད་གཞི་ཡོང་ཚུལ་འགོག་རྐྱེན་ཞུས་རྐྱེན་འདོན་ལས་མ་ཐུབ་པར། སྐུ་སྒེར་གསུང་བསྒྱུར་དང༌། རྗེས་སུ་ལྷ་སའི་སྐོར་སྲུང་པའི་འགོ་བྱེད། དེ་ནས་ཞོལ་གཉེར་བཅས་བྱས་པ་རེད། སྐུ་ངོ་ཞྭ་སྒབ་པ་མཆོག་གིས་བོད་མི་བསམ་མེད་འགས་ས་གཏེར་སྔོག་འདོན་བྱས་ན་ས་བཅུད་ལ་གནོད་གཞི་ཡོང་ཚུལ་བཤད་དེ་འགོག་རྐྱེན་བྱས་ཚུལ་གོང་དུ་འཁོད་པ་ལྟར་གསུངས་འདུག་ཀྱང༌། ད་ལྟ་ཕྱི་ལོ་༢༠༠༧ལོའི་སྣོད་བཅུད་ཀྱི་གནས་བབས་ལ་བལྟས་ན་སྔོན་མ་བོད་མི་བསམ་མེད་ཚོས་བཤད་པ་དེ་བདེན་པ་ཡིན་པ་ར་འཕྲོད་གསལ་པོ་འདུག་སྙམ གཉིས་པ། སྒོག་མཁར་བ་བསོད་ནམས་མགོན་པོ་དྲག་པོའི་སློབ་སྦྱོང་བྱས་ཏེ་དམག་ཆེན་དང་པོའི་སྐབས་འཇར་མན་ཡུལ་དུའང་ཕྱིན་པ་དང༌། རྗེས་སུ་ལྷ་སར་འབྱོར་ཏེ་སྐུ་སྲུང་དམག་སྒར་ཁོངས་གཏོགས་འཇོག་གནང་མཛད་ཀྱང༌། ཡུན་རིང་མ་སོང་བར་ཚེ་མ་ཟིན་པ་རེད། གསུམ་པ། བྱང་ངོས་པ།རི་སྒང་པརིག་འཛིན་རྡོ་རྗེས་གློག་གི་ལས་ཀ་སློབ་སྦྱོང་བྱས་ཏེ་ལྷ་སའི་གྲོང་ཁྱེར་དང༌། ནོར་གླིང་སྤྱན་བསལ་ཕོ་བྲང་བཅས་པར་ཆུ་གློག་གསར་འཛུགས་དང༌། གྲ་བཞི་གློག་འཕྲུལ་ཁོངས་མེ་མདའ་དང༌། དངུལ་པར། ཤོག་དངུལ་པར་འདེབས་ཚང་མར་གློག་ཤུགས་དེས་ཕན་ཐོགས་ཆེན་པོ་བྱུང་བར་བརྟེན་ལྷ་གཉེར་ཐོག དམིགས་བསལ་རིམ་བཞིའི་གོ་གནས་སྩལ་ཏེ། ༧གོང་ས་ཆེན་པོའི་གལ་ཆེའི་གསུང་བསྒྱུར་དང༌། བོད་གཞུང་ཕྱི་རྒྱལ་ལས་ཁུངས་སོགས་སུའང་ཕྱག་ལས་གནང་བ་རེད། བཞི་པ། སྐྱིད་སྦུག་པ་དབང་འདུད་ནོར་བུས་ས་ཚད་ལེན་ཡག་དང་ཏར་འཕྲིན་གཏོང་ལེན་གྱི་ལས་ཀ་སློབ་སྦྱོང་བྱས་ཏེ་ལྷ་སའི་ཏར་འཕྲིན་གྱི་ལས་ཁུངས་ཡར་རྒྱས་བཏང་བ་དང༌། ཕྱི་ལོ་༡༩༢༢ ལོར་ལྷ་ས་ནས་རྒྱལ་རྩེ་བར་ལྕགས་སྐུད་འཕྲིན་གཏོང་གཙུགས་པ་རྒྱ་གར་གཞུང་གི་ལས་བྱེད་རོ་སེ་མེ་ཡར་Rose Meyer བྱ་བས་ཐོག་མར་འཛུགས་གཏོང་གི་རོགས་རམ་གནང་འདུག ལྷ་སའི་མི་དཔོན་གྲོང་ཁྱེར་སྤྱི་ཁྱབ་རྗེས་སུ་རིམ་བཞིའི་གོ་གནས་དང་བཅས་ཕྱི་རྒྱལ་ལས་ཁུངས་སུའང་ཕྱག་ལས་གནང་བ་རེད། ཁོང་ཚོ་བཞི་ཨིང་ལེན་དུ་སྐྱེལ་མི་རྩིས་པ་ལུང་ཤར་རྡོ་རྗེ་རྣམ་རྒྱལ་ཟེར་བ་མི་འཇོན་ཐང་ཅན་ཞིག་ཀྱང་འདུག ཞིབ་པ་སྐུ་ངོ་ཞྭ་སྒབ་པའི་རྒྱལ་རབས་ལ་གཟིགས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱི་ལོ་༢༠༠༧།༦།༡ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་གཉུག་མར་གནས་པ་དང་ཕྱོགས་འདུས་བཅས་ཀྱི་སློབ་ཕྲུག་སུམ་སྟོང་ལྔ་བརྒྱ་ལྷག་ཙམ་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་གནང་སྐབས། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་སློབ་ཕྲུག་ཕྱི་རྒྱལ་དུ་གཏོང་རྒྱུའི་སྲོལ་བཏོད་པ་དེ། མུ་འཐུད་མ་ཐུབ་པ་དེ་ནོར་འཁྲུལ་ཆེན་པོ་བྱུང་བ་རེད་ཅེས་ཐུགས་འགྱོད་དང་བཅས་ཏེ་གསུངས།