5820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ
Tibetan Definition (ཕར་ཕྱིན) 1 (རྒྱུད་བླ་མ) སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཕུན་སུམ་ཚོགས་པ་ལ་བྱང་ཆུབ་ཟེར། གོ་སླ་བར་བཤད་ན། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་འགོག་ལམ་གཉིས་ལ་བྱང་ཆུབ་ཟེར་ཞིང་། དེ་ཡང་དེའི་ཐུགས་རྒྱུད་ཀྱི་འགོག་བདེན་ལ་སྤངས་པ་བྱང་ཆུབ་དང་། ཡེ་ཤེས་ཆོས་སྐུ་ལ་རྟོགས་པ་བྱང་ཆུབ་ཟེར། བྱང་ས་སྡེ་དགེ་བསྟན་འགྱུར་སེམས་ཙམ་༼ ཝི་པ ༽༤༧བ༥ལས། དེ་ལ་བྱང་ཆུབ་གང་ཞེ་ན། མདོར་བསྡུ་ན་སྤངས་པ་རྣམ་པ་གཉིས་དང་། ཡེ་ཤེས་རྣམ་པ་གཉིས་ལ་ནི་བྱང་ཆུབ་ཅེས་བྱ་སྟེ། དེ་ལ་སྤངས་པ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་དྲི་མ་མེད་ཅིང་ཉོན་མོངས་པ་ཐམས་ཅད་དང་འབྲེལ་བ་མེད་པའི་ཡེ་ཤེས་གང་ཡིན་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་ནས་ཤེས་བྱ་ཐམས་ཅད་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སྒྲིབ་པ་བྱང་ཞིང་ཤེས་བྱའི་རྣམ་པ་མ་ལུས་པ་ཁོང་དུ་ཆུད་པའམ་ཆུབ་པས་ན་བྱང་ཆུབ་ཅེས་བྱའོ། །མདོར་ན་བྱང་ཞེས་པས་སྤངས་པ་བྱང་ཆུབ་དང་། ཆུབ་ཅེས་པས་རྟོགས་པ་བྱང་ཆུབ་བསྟན་ཏོ། །ནམ་མཁའ་སྤྲིན་དང་བྲལ་བ་དེ་སྤངས་པ་བྱང་ཆུབ་ཀྱི་དཔེ་དང་། ཉི་མ་འོད་གསལ་བ་དེ་རྟོགས་པ་བྱང་ཆུབ་ཀྱི་དཔེར་རྒྱུད་བླ་མ་ལས་གསུངས་སོ། །གཞན་ཡང་རྒྱུད་བླ་མ་ལས། སངས་རྒྱས་ཉིད་ནི་དབྱེར་མེད་པས། །ནམ་མཁའ་བཞིན་ཏེ་ཡེ་ཤེས་དང༌། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཞེས་དང༌། དེའི་ཐད་ཀྱི་རྒྱུད་བླ་མའི་དར་ཊཱིཀ་ལས། བྱང་ཆུབ་ཉིད་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་རང་གི་ངོ་བོའི་སྒོ་ནས་དབྱེར་མེད་པའི་ཡེ་ཤེས་དང་རང་བཞིན་གྱིས་དག་པ་དང་གློ་བུར་གྱི་དྲི་མས་དག་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་སྟེ། སྤངས་པ་དང་རྟོགས་པ། ཞེས་གསུངས་པ་ལྟར་མཉམ་རྗེས་དབྱེར་མེད་པས་བདེན་གཉིས་ཅིག་ཅར་མངོན་སུམ་དུ་གཟིགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་བྱང་ཆུབ་དང༌། སྒྲིབ་གཉིས་ཟད་པར་སྤངས་པའི་དག་པ་གཉིས་ལྔན་གྱི་དབྱིངས་སྤངས་པ་བྱང་ཆུབ་གཉིས་ཡོད་དོ། །2 (མངོན་རྟོགས་རྒྱན) དྲི་མ་དོན་དམ་པར་སྐྱེ་འགག་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ལ་བྱང་ཆུབ་ཅེས་བྱ། མངོན་རྟོགས་རྒྱན་ལས། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །ཞེས་གསུངས། དེའི་ཐད་ཀྱི་རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། དོན་དམ་པར་ཟད་སྐྱེ་མེད་པ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་མཐར་ཐུག་དེ་དག་གོ་རིམ་བཞིན་དུ་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཆེན་པོར་ཤེས་པར་བྱ་སྟེ། དོན་དམ་པར་དྲི་མ་ཟད་དང་མི་སྐྱེ་བ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་མཐར་ཐུག་པ་བྱང་ཆུབ་ཆེན་པོ་ཞེས་མདོ་ལས་བརྗོད་ཅིང༌། ཞེས་གསུངས། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་༼ ད ༽༥༨ བ༦ལས་ཀྱང་། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་ལ་དེའི་ཕྱོགས་ཏེ། རྗེས་སུ་མཐུན་ཞེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་སོ། །ཞེས་གསུངས་སོ། །3 (མཛོད) རང་རྒྱུད་ལ་དྲི་མ་ཟད་ཅིང་སླར་ཡང་མི་སྐྱེ་བར་ཤེས་པ་ལ་བྱང་ཆུབ་ཅེས་གསུངས་པ་ལྟར། བདེན་བཞིའི་རྣམ་པ་བཅུ་དྲུག་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པར་ཤེས་པ་ནི། ཟད་པ་ཤེས་པ་ཡིན་ལ། རྣམ་པ་དེ་དག་ཡོངས་སུ་ཤེས་ཏེ་དེ་ལས་ལྷག་པ་ཤེས་པར་བྱར་མེད་པར་རྟོགས་པ་ནི་མི་སྐྱེ་བར་ཤེས་པ་ཡིན་ནོ། །སྒྲ་བཤད་ནི། སྒྲིབ་པ་ཟད་ཅིང་སླར་ཡང་རང་རྒྱུད་ལ་མི་སྐྱེ་བར་ཤེས་པས་ན་དེ་སྐད་ཅེས་བྱའོ། །གོང་གི་བཤད་ཚུལ་གསུམ་ལས་རྒྱུད་བླ་མའི་བཤད་ཚུལ་ཉིད་ལེགས་པར་སྣང་ངོ༌། །