From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱང་ཆུབ་ཤིང༌
|
Tibetan Definition
|
བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་རྡོ་རྗེ་གདན་དུ་ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་སྟོན་པའི་ཚེ་ཤིང་གང་ལ་སྐུ་རྒྱབ་གཏད་དེ་བཞུགས་པར་མཛད་པའི་ཤིང་དེ་ལ་བྱང་ཆུབ་ཤིང་ཟེར། སྒྲ་བཤད་ནི། འདིའི་རྩ་བར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་མངོན་དུ་མཛད་པས་དེ་སྐད་ཅེས་བྱའོ། །འདི་ལ་ལེགས་སྦྱར་གྱི་སྐད་དུ་པིཔྤལ་ཟེར་ཏེ། བྱང་ཆུབ་ཤིང་ནི་པིཔྤལ་ཤིང་ཡིན་ཏེ། ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས། ཡང༌། ཨཱ་ཤྭད་ཐ་ཞེས་ཀྱང་འབོད་པ་སྣང་སྟེ། རྗེ་ཙོང་ཁ་པ་ཆེན་པོས་ཐུབ་དབང་ལ་བསྟོད་པ་ལས། མཁས་པའི་སྐྱེ་བོས་བསྟེན་པའི་མ་ག་དྷ། །མི་མཇེད་ཞིང་གི་སྙིང་པོ་རྡོ་རྗེ་གདན། །གང་དེར་ལེགས་སྤྱད་བརྒྱས་བསྐྱེད་བྱང་ཆུབ་ཤིང༌། །ཨཱ་ཤྭད་ཐ་ཞེས་གྲགས་པ་དེའི་དྲུང་དུ། །བྱམས་པའི་མཚོན་གྱིས་བདུད་སྡེའི་དཔུང་བཅོམ་ནས། །ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་ཤིང་གི་ཁྱད་པར་ཕྲ་མོ་རྣམས་ཨཱ་ཤྭད་ཐ་ཞེས་པའི་ཐད་དུ་གཟིགས།
|