5846

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
Tibetan Definition བྱང་ཆུབ་སེམས་དཔའི་མཚན་གྱི་རྣམ་གྲངས་ཤིག སྒྲ་བཤད་ནི། བློ་སྟོབས་དང་བརྩོན་འགྲུས་དྲག་པོས་བླ་མེད་བྱང་ཆུབ་སྒྲུབ་པར་བྱེད་པས་ན། བྱང་ཆུབ་སེམས་དཔའ། དེ་ཡང་སེམས་ཅད་ཀྱི་ཆེད་དུ་བྱེད་པས་ན། སེམས་དཔའ་ཆེན་པོ་ཞེས་བྱའོ། །དེ་ཡང་སྒྲ་སྦྱོར་བམ་གཉིས་ལས། བོདྷིསཏྭ་ཞེས་བྱ་བ་སཏྭནཡེཥཱཾསྟེ་བོདྷིསཏྭ་ཞེས་པ་བོོདྷི་ནི་བྱང་ཆུབ། སཏྭ་ནི་སེམས་དཔའམ་སེམས་སྟོབས་ཆེ་བ་ལ་བྱ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གཅིག་ཏུ་བརྟུལ་ཞིང་མི་ནུར་བས་ན་བྱང་ཆུབ་སེམས་དཔའ། མཧཱ་སཏྭ་ཞེས་བྱ་བ་མཧཱ་ནི་ཆེན་པོ། སཏྭ་ནི་སེམས་དཔའ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་བུ་མ་ཡིན་གྱི། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ལ་ཞུགས་པས་ན་སེམས་དཔའ་ཆེན་པོ་ཞེས་བྱ། ཞེས་གསུངས་སོ། །ཡང་ན། རང་དོན་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པས་བྱང་ཆུབ་སེམས་དཔའ་དང༌། གཞན་དོན་མཐར་ཐུག་པ་ལ་དམིགས་པས་ན་སེམས་དཔའ་ཆེན་པོ་ཞེས་བྱའོ། །རྗེ་ཙོང་ཁ་པ་ཆེན་པོའི་འགྲེལ་པ་བཞི་སྦྲགས་ན་གསལ། ཡང་ན། རང་དོན་ཆོས་སྐུ་ཐོབ་པ་ལ་སེམས་པས་ན་སེམས་དཔའ། གཞན་དོན་གཟུགས་སྐུ་ཐོབ་པ་ལ་སེམས་པས་ན་སེམས་དཔའ་ཆེན་པོའོ། །ཞེས་བདག་གི་བླ་མ་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་ཡང་ཡང་གསུང་བ་ཡང་རྗེའི་གསུང་དང་མཐུན་ནོ། །ཡང་ན། རྫོགས་པའི་བྱང་ཆུབ་ལ་སེམས་པའམ་དམིགས་པས་ན་བྱང་ཆུབ་སེམས་དཔའ། དེ་ལྟ་བུའི་བསམ་པ་དེ་རྒྱ་ཆེ་བས་ན་སེམས་དཔའ་ཆེན་པོའོ། །འོ་ན་བྱང་ཆུབ་སེམས་པ་ཞེས་མི་ཟེར་བར་བྱང་ཆུབ་སེམས་དཔའ་ཞེས་སྨོས་པ་ཅི་ཡིན་ཞེ་ན། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་སེམས་དཔའ་ཞེས་བསྒྱུར་བ་ནི་དོན་ཐོབ་ཀྱི་འགྱུར་ཡིན་པར་མངོན་ཞིང༌། དོན་དུ་བྱང་ཆུབ་སེམས་པ་སེམས་པ་ཆེན་པོ་ཞེས་བཏོན་པ་དང་འདྲའམ་སྙམ་མོ། །འདི་བརྒྱད་སྟོང་པའི་རྒྱ་འགྲེལ་རྣམས་ལ་གཞི་བྱས་ཏེ་བཀོད།