5848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་ཆོ་ག
Tibetan Definition (དབུ་མ)༼ བླ་མ་ཡོད་པའི་ཆོ་ག་ནི ༽སྡོམ་པ་ལེན་པ་པོས། སྡོམ་པ་བླང་ཡུལ་བླ་མ་ལ། རྐང་པ་གཉིས་ལ་ཕྱག་བྱ་བ་དང་། མཎྜལ་ཕུལ་ཏེ། སྡོམ་པའི་ཕྱིར་གསོལ་བ་འདེབས་པ་ནི། ཙོག་ཙོག་པོར་འདུག་ཅིང་ཐལ་མོ་སྦྱར་ལ་རྐང་པ་གཡས་པའི་ལྷ་ང་ས་བཙུགས་ཏེ། བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ནོད་པར་འཚལ་གྱི་དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ཞེས་གསོལ་བ་ལན་གསུམ་གདབ། དེ་ནས་བླ་མས། རིགས་ཀྱི་བུ་ཁྱོད་ཉོན་ཅིག། ཁྱོད་འདི་ལྟར་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་མ་གྲོལ་བ་རྣམས་དགྲོལ་བ་དང་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་གཅད་པར་འདོད་དམ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང་ཡི་དམ་བརྟན་པར་ཡང་བྱའོ། །ཁྱོད་སྡོམ་པ་ལེན་པ་འདི་གཞན་དང་འགྲན་པའི་ཕྱིར་མ་ཡིན་ནམ། (སློབ་པ་རྣམས་ཀྱིས། མ་ཡིན་ལགས་ཞེས་བརྗོད) གཞན་གྱིས་རང་དབང་མེད་པར་ལེན་དུ་བཅུག་པ་མ་ཡིན་ནམ། (མ་ཡིན་ལགས) བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ཐོས་སམ། (ཅུང་ཟད་ཐོས་ལགས) ཤེས་སམ། (ཅུང་ཟད་ཤེས་ལགས) དད་དམ། (དད་ལགས) ཅུང་ཟད་སྲུང་ནུས་སམ། (ནུས་ལགས) ཞེས་ལན་གདབ་པར་བྱའོ། །སྡོམ་པ་མྱུར་དུ་བསྐུལ་བ་ནི། དེ་ནས་འདུད་པའི་ཚུལ་གྱིས་པུས་མོ་གཡས་པའི་ལྷ་ང་ས་བཙུགས་པའམ་ཙོག་ཙོག་པོར་འདུག་སྟེ། བཙུན་པས་བྱང་ཆུབ་སེམས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་མྱུར་དུ་སྩལ་དུ་གསོལ། ཞེས་གསོལ་བ་ལན་གསུམ་གདབ་བོ། །བར་ཆད་འདྲི་བ་ནི། རིགས་ཀྱི་བུ་ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། (སློབ་མ་རྣམས་ཀྱི) ལེགས་སོ། །ཞེས་ཁས་བླང་ངོ་། །དྲི་བ་གཉིས་ཀྱི་དོན་ནི་རིགས་ཀྱི་ནུས་པ་ལེགས་པར་སད་པ་དང་སྨོན་སེམས་བརྟན་པ་ལ་བྱའོ། ། སྡོམ་པ་ལེན་པའི་ཆོ་ག་དངོས་ནི། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་འགྱུར་བ་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་སུ་འགྱུར་བ་གང་ཡིན་པ་དང་། ད་ལྟ་ན་ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་གང་ཡིན་པ་དང་བསླབ་པའི་གཞི་གང་དག་དང་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟ་ན་སློབ་པ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ང་ལས་ནོད་དམ། (སློབ་མ་རྣམས་ཀྱིས) ནོད་ལགས་སོ། །ཞེས་ལན་གསུམ་གྱི་བར་དུ་ལན་རེ་རེའི་མཐར་དྲི་ཞིང་དེས་ཀྱང་ལན་རེ་རེ་ཞིང་ནོད་ལགས་སོ་ཞེས་ལན་གསུམ་ཁས་བླང་བར་བྱའོ། །མཇུག་གི་ཆོ་ག་ལ་མཁྱེན་པར་གསོལ་བ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་བདག་དཔང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་སློབ་མ་དེ་འདུག་བཞིན་དུ་ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཀྱི་ཞབས་ལ་གཏུགས་པར་མོས་པ་བྱས་ནས་དངོས་སུ་ཕྱོགས་རེ་རེར་ཕྱག་གསུམ་གསུམ་དང་མེ་ཏོག་རེ་གཏོར་ནས་མཐར་འགྲེང་སྟེ་ཐལ་མོ་སྦྱར་ནས་ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པས་སྣ་དྲངས་ཏེ་མཁྱེན་གསོལ་མཛད་པའི་ཕྱག་ལེན་ཡོད་དོ། །སྟེང་དང་འོག་གི་ཕྱག་ནི་དེ་དག་ལ་དམིགས་ཏེ་ཤར་དང་ནུབ་ཏུ་བྱའོ། །༼ བླ་མ་མེད་པའི་ཆོ་ག་ནི༽(བླ་མ་མཚན་ལྡན་མ་རྙེད་ན་རྟེན་གྱི་དྲུང་ནས་བླང་ཚུལ་ནི) བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟ་སློབ་པ་རྣམས་བདག་གིས་ཡང་དག་པར་བླང་ངོ་། །ཞེས་ལན་གསུམ་བརྗོད་ནས་བླང་བར་བྱའོ། །༼ བྱང་སེམས་ལེན་པའི་ཆོ་ག་ཤིན་ཏུ་མདོར་བསྡུས་ནི ༽རྗེའི་སྔགས་རིམ་ཆེན་མོ་ལས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་པ་ལན་གསུམ་བརྗོད་དུ་གཞུག་ལ་སྡོམ་པ་དཔོག་གོ། ཆོ་ག་འདི་སྒྱུ་དྲའི་གཉིས་པ་དང་གུར་གྱི་བཅུ་གཉིས་པ་ལས་གསུངས་སོ། །གོང་གི་དེ་ཚིག་ཉུང་བས་བརྡ་འཕྲོད་དཀའ་བར་གསུངས་པས་ཅུང་ཟད་རྒྱས་པ་དགོས་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱི་སྟེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་ལན་གསུམ་བརྗོད་པས་བླང་ངོ་། །ཆོ་ག་མདོར་བསྡུས་འདི་གཉིས་བླ་མ་ཡོད་པའི་ཆོ་ག་ལའང་རིགས་འདྲེའོ། །རྗེའི་གསུང་ལ་གཞི་བྱས་ཏེ་བཀོད་དོ། །