5872

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་ཆོས་སྡེ་ལྔ
Tibetan Definition རྗེ་བཙུན་བྱམས་པས་གསུངས་པའི་གཞུང་ལྔ་སྟེ། ༡ མངོན་རྟོགས་རྒྱན། (དབུ་མ་པའི་གཞུང) ༢ མདོ་སྡེ་རྒྱན། (སེམས་ཙམ་པའི་གཞུང) ༣ དབུས་མཐའ་རྣམ་འབྱེད། (སེམས་ཙམ་པའི་གཞུང) (དབུས་ནི་རྟག་ཆད་ཀྱི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ཡིན་ལ། མཐའ་ནི་རྟག་ཆད་ཀྱི་མཐའ་གཉིས་སོ། །དེ་གཉིས་རྣམ་པར་འབྱེད་པས་དབུས་མཐའ་རྣམ་འབྱེད་ཅེས་བྱའོ) ༤ ཆོས་དང་ཆོས་ཉིད་རྣམ་འབྱེད། (སེམས་ཙམ་པའི་གཞུང) (འདིའི་ཆོས་ནི་འཁོར་བའི་ཆོས་དང་། ཆོས་ཉིད་ནི་མྱ་ངན་ལས་འདས་པའི་ཆོས་སོ། །དེ་གཉིས་རྣམ་པར་འབྱེད་པས་ཆོས་དང་ཆོས་ཉིད་རྣམ་འབྱེད་ཅེས་བྱའོ། །སྒྲ་བཤད་དེ་ནི་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་ཚིག་རིས་ལ་དངོས་སུ་ཐོན་ནོ) ༥ རྒྱུད་བླ་མ་ (དབུ་མ་པའི་གཞུང) དང་ལྔའོ། །འཕགས་པ་ཐོགས་མེད་ཞབས་ཀྱིས་དགའ་ལྡན་དུ་རྗེ་བཙུན་བྱམས་པ་ལ་གསན་ཏེ་ཕྱིས་ཡི་གེར་བཀོད་པ་ཡིན། འདི་དག་མཛད་པའི་གོ་རིམ་ནི། དང་པོ་མངོན་རྟོགས་རྒྱན། དེ་ནས་མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད། དེ་ནས་རྒྱུད་བླ་མའི་བསྟན་བཅོས་རྣམས་རིམ་བཞིན་མཛད། དེ་ཡང་བར་པ་གསུམ་ལ་ནི་མཆོད་བརྗོད་དང་བསྔོ་བ་གང་ཡང་མེད་ཅིང་། དང་པོ་ལ་བསྔོ་བ། ཐ་མ་ལ་མཆོད་བརྗོད་མེད་པས་ལྔ་པོ་འདི་རྣམས་དཀྱུས་ཐོག་གཅིག་ལ་མཛད་པར་མཁས་པ་རྣམས་བཞེད། ཡོངས་གྲགས་ཀྱི་བཤད་ཚུལ་ལ། ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས་པས་ཞལ་མངོན་སུམ་དུ་གཟིགས་ཏེ། རྗེ་བཙུན་གྱི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་དུ་བྱོན་ནས། ལྷའི་དྲོ་སྐད་གཅིག་གམ། མི་ལོ་ལྔ་བཅུའི་བར་དུ་ཆོས་གསན་ཅིང་། འཛམ་བུ་གླིང་པའི་གདུལ་བྱ་རྣམས་རྗེས་སུ་གཟུང་བའི་ཕྱིར་བྱམས་ཆོས་ལྔ་པོ་རྣམས་སྐྱེས་ཀྱི་ཚུལ་དུ་གནང་བའི་ཕྱིས་སློབ་དཔོན་ཐོགས་མེད་ཀྱིས་ཡི་གེར་བཀོད་པར་གསུངས་སོ། །ཡང་བཤད་ཚུལ་གཞན་ཞིག་ལ། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད་དང་གསུམ་ནི་ཐོག་མ་ནས་ཡོངས་གྲགས་སུ་དར་བ་ཡིན་ལ། རྒྱུད་བླ་མ་དང་ཆོས་དང་ཆོས་ཉིད་རྣམ་འབྱེད་གཉིས་ནི་དུས་ཕྱིས་མཻ་ཏྲི་པས་མཆོད་རྟེན་ཞིག་གི་སེར་ཁ་ནས་འོད་འབྱུང་གི་འདུག་པ་གཟིགས་པས་ཆོས་གཉིས་པོའི་དཔེ་བྱུང་། མཻ་ཏྲི་པས་རྗེ་བཙུན་བྱམས་པར་གསོལ་བ་བཏབ་པས་སྤྲིན་གྱི་མཐོངས་སུ་གསལ་བར་བྱོན་ཏེ་དེ་གཉིས་ལེགས་པར་གནང་། དེས་པཎྜི་ཏ་དགའ་བའི་གྲགས་པར་གནང་། དེས་ཁ་ཆེ་ས་ཛྫ་ས་ལ་གནང་ནས་རིམ་གྱིས་བརྒྱུད་པ་ཡིན་ནོ་ཞེས་གསུངས་ཚུལ་གཉིས་ཡོད་དོ། །འགོས་ལོའི་དེབ་སྔོན་དུ། སྤྱིར་བྱམས་པའི་ཆོས་ཕྱི་མ་ (རྒྱུད་བླ་མ་དང་ཆོས་དང་ཆོས་ཉིད་རྣམ་འབྱེད) གཉིས་པོ་འདི་རྗེ་བཙུན་མཻ་ཏྲི་པས་གསར་དུ་རྙེད་པ་ནི་བདེན་པ་འདྲ་སྟེ། སེངྒེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་སོགས་སུ་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། མདོ་སྡེ་རྒྱན་ནས་ལུང་དྲངས་ཤིང་། བསྟན་བཅོས་ཕྱི་མ་གཉིས་པོའི་ལུང་ཅུང་ཟད་ཀྱང་མ་དྲངས་པར་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས། བྱང་ཆུབ་ལམ་རིམ་གྱི་གཞུང་གི་རྩ་བ་ལྟ་བུ་མངོན་རྟོགས་རྒྱན། ལམ་རིམ་གྱི་ཉམས་ལེན་གྱི་གནད་རྣམས་མདོ་མང་པོ་ནས་བཏུས་ཏེ་རྒྱས་པར་སྟོན་པ་མདོ་སྡེ་རྒྱན། ལམ་རིམ་གྱི་ཞི་ལྷག་གི་ཉམས་ལེན་ཟུར་དུ་བཀར་ནས་སྟོན་པ་དབུས་མཐའ་རྣམ་འབྱེད་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་གཉིས། ཀླུ་སྒྲུབ་ཀྱི་ལུགས་ཀྱི་རང་བཞིན་གནས་རིགས་གཏན་ལ་ཕབ་སྟེ་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་རྒྱུད་བླ་མའི་བསྟན་བཅོས། ཞེས་གསུངས་སོ། །དེའི་སྐོར་བུ་སྟོན་ཆོས་འབྱུང་། དེབ་སྔོན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སོགས་ལ་གཟིགས།