5904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིང་བ
Tibetan Definition (ཕར་ཕྱིན) སེམས་ཀྱིས་དམིགས་པ་འཛིན་པའི་འཛིན་སྟངས་ལྷོད་ནས་དམིགས་པ་ཤིན་ཏུ་གསལ་བའམ་དམ་པར་མི་འཛིན་པའི་སེམས་བྱུང་ཞིག དེ་ཡང་དྭངས་ཆ་ཡོད་ཀྱང༌། དམིགས་པའི་འཛིན་སྟངས་ཤིན་ཏུ་གསལ་བ་མེད་ན་བྱིང་བར་འགྲོའོ། །སྒྲ་བཤད་ནི། དམིགས་པའི་འཛིན་སྟངས་འཕང་དམའ་རུ་སོང་བས་ན་བྱིང་བ་ཞེས་བྱའོ། །རྗེ་བདག་ཉིད་ཆེན་པོས། བྱིང་བའི་མཚན་ཉིད་ལ་གངས་རིའི་ཁྲོད་ཀྱི་བསམ་གཏན་པ་ཕལ་མོ་ཆེ་རྣམས་ནི། ཡུལ་གཞན་ལ་འཕྲོ་བ་མེད་པར་གནས་ཤིང་གསལ་དྭངས་ནི་མེད་པའི་སེམས་རྨུགས་པ་ཞིག་ལ་བྱིང་བར་འདོད་པར་སྣང་ངོ༌། །དེ་ནི་མི་རིགས་ཏེ། རྨུགས་པ་ནི་བྱིང་བའི་རྒྱུར་གསུངས་པས་དེ་གཉིས་སོ་སོ་བ་ཡིན་པའི་ཕྱིར་ཏེ། ཞེས་གསུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲིས་ལན་བློ་བཟང་བཞད་སྒྲ་ལས་ཀྱང༌། བྱིང་བ་དྭངས་གསལ་ཙམ་ཡོད་ཀྱང༌། །ངར་མེད་དམིགས་པ་ལྷོད་པ་ཡི། །ལུང་མ་བསྟན་ནམ་དགེ་བ་ནི། །ཅི་ཡང་རུང་བའི་ཤེས་པ་ཡིན། །ཞེས་གསུངས། བཀའ་བརྒྱུད་པའི་ཕྱག་ཆེན་གྱི་ཁྲིད་ཡིག་ཕྱག་ཆེན་ཟླ་བའི་འོད་ཟེར་ལས། ལུས་སེམས་ཉོགས་ནས་དམིགས་པའི་གསལ་ཆ་ལྷོད་པར་གྱུར་པ་ཞིག་ལ། བྱིང་བར་འདོད་ཅིང་རྨུགས་པ་དང་ཅུང་མི་འདྲ་བར་གསུངས་ཞེས་གསལ།