5930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིས་པ་ལྟར་འཇུག་པའི་དབང་བདུན
Tibetan Definition (གསང་སྔགས) བྱིས་པ་ལྟར་འཇུག་པའི་དབང་བདུན་ནི། ཆུའི་དབང་། ཅོད་པན་གྱི་དབང་། དར་དཔྱངས་ཀྱི་དབང་། རྡོར་དྲིལ་གྱི་དབང་། བརྟུལ་ཞུགས་ཀྱི་དབང་། མིང་གི་དབང་། རྗེས་གནང་གི་དབང་དང་བདུན་ནོ། །དུས་འཁོར་ནས་བཤད་པའི་བྱིས་པ་ལྟར་འཇུག་པའི་དབང་བདུན་པོ་འདི་རྣམས་ལ། བུམ་དབང་ཞེས་ཐ་སྙད་མ་བྱས་ཀྱང་། དོན་དུ་ཡོངས་གྲགས་ཀྱི་བུམ་དབང་རང་ཡིན། ཡང་དུས་འཁོར་གྱི་གོང་མ་དང་གོང་ཆེན་གྱི་བུམ་དབང་ཞེས་པ་ནི་ཡོངས་གྲགས་ཀྱི་བུམ་དབང་དང་གཏན་ནས་མི་འདྲ། དེ་ནི་དཔེར་ན་གོང་མའི་བུམ་དབང་ལྟ་བུ། རིག་མའི་དཀར་འཛིན་བུམ་པ་ལ་རེག་པ་ལས་སྐྱེས་པའི་དབང་ཡིན་པས་ན་བུམ་དབང་ཞེས་ཐ་སྙད་བཏགས་པ་ཡིན་པས་ཁྱད་པར་ཆེའོ། །བྱིས་པ་ལྟར་འཇུག་པའི་དབང་བདུན་ནི། རྡོ་རྗེ་སྙིང་འགྲེལ་དབང་དོན་དེ་ཉིད་ཡང་གསལ་༣༤ན༥པར་དྲངས་པ་ལས། བྱིས་པ་སྐྱེས་ལ་མ་རྣམས་ཀྱིས། །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །དེ་ཡི་གཙུག་ཕུད་རབ་འཇོག་པ། །ཅོད་པན་དུ་ནི་ཡོངས་སུ་བརྟག །དེ་ཡི་རྣ་བ་འབུགས་པ་སོགས། །དར་དཔྱངས་དབང་བསྐུར་བྱེད་པར་བཤད། །བྱིས་པ་སྨྲ་དང་དགོད་པ་ན། །དྲིལ་བུ་རྡོ་རྗེའི་དབང་བསྐུར་རོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་ཡིན། །མིང་ནི་མིང་གི་དབང་བསྐུར་ཡིན། །ཀློག་པ་ལ་སོགས་རྗེས་གནང་ནི། །ཕ་དག་གིས་ནི་རྟག་ཏུ་སྟེར། །དེ་ལ་རྣམ་པ་བདུན་གྱི་ནི། །དབང་བསྐུར་བདུན་དུ་རབ་ཏུ་གྲགས། །ཞེས་བྱིས་པ་མངལ་ནས་བཙས་ཏེ་བསྐྱེད་བསྲིང་བའི་ཕྱིར། དང་པོར་ཆུས་འཁྲུ་བ་དང་། དེ་ནས་གཙུག་ཕུད་བཞག་པ། དེ་ནས་རྣ་བ་འབུགས་པ་སོགས་པ་བྱེད། དེ་ནས་བྱིས་པ་དགོད་ཅིང་སྨྲ་བ། དེ་ནས་ལོངས་སྤྱོད་ལ་གནས་པ། དེ་ནས་མིང་འདོགས་པ། དེ་ནས་ཕ་མ་སོགས་ཀྱིས་འདྲི་ཀློག་སོགས་སློབ་པ་དང་ཆོས་མཚུངས་པར། དང་པོར་ཆུ། ཅོད་པན། དར་དཔྱངས། རྡོར་དྲིལ། བརྟུལ་ཞུགས། མིང་། རྗེས་གནང་བདུན་རིམ་ཅན་དུ་བསྐུར་བ་དང་། དེ་དག་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན་ཞེས་ཐ་སྙད་གསུངས་པ། ཞེས་གསུངས་སོ། །བྱིས་པ་ལྟར་འཇུག་པའི་དབང་བདུན་ཞིབ་པར་བཤད་པ་ལ། དང་པོ་ནི། བྱིས་པ་སྐྱེས་མ་ཐག་ཆུས་བཀྲུ་བ་དང་མཐུན་པ་དཔལ་དུས་ཀྱི་འཁོར་ལོའི་བྱང་ཕྱོགས་སྐུ་ཞལ་དཀར་པོའི་ཐད་དུ་སློབ་མ་སྐུ་རྡོ་རྗེར་བསྐྱེད་ནས་གཤེགས་མ་ལྔས་བུམ་དབང་བསྐུར་བས་ཁམས་ལྔའི་དྲི་མ་སྦྱོང་བའོ།། གཉིས་པ་ནི། བྱིས་པ་གཙུག་ཕུད་འཇོག་པ་དང་མཐུན་པ་བྱང་ཕྱོགས་སུ་སྔར་ལྟར་གནས་པ་ལ་གཤེགས་པ་ལྔས་ཅོད་པན་གྱི་དབང་བསྐུར་བས་ཕུང་པོ་ལྔའི་དྲི་མ་སྦྱོང་བའོ། །གསུམ་པ་ནི། བྱིས་པ་རྣ་བ་འབུག་པ་དང་མཐུན་པ། དཔལ་དུས་ཀྱི་འཁོར་ལོའི་ལྷོ་ཕྱོགས་སུ་གསུང་ཞལ་དམར་པོའི་ཐད་དུ་སློབ་མ་གསུང་རྡོ་རྗེར་བསྐྱེད་ནས་ལྷ་མོ་ནུས་མ་བཅུས་དར་དཔྱངས་ཀྱི་དབང་བསྐུར་བས་རླུང་བཅུའི་དྲི་མ་སྦྱོང་བའོ། །བཞི་པ་ནི། བྱིས་པ་རྒོད་ཅིང་སྨྲ་བ་དང་མཐུན་པ། ལྷོ་ཕྱོགས་སུ་སྔར་ལྟར་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཉིས་ཀྱིས་རྡོར་དྲིལ་གྱི་དབང་བསྐུར་བས་རྩ་རོ་རྐྱང་གཉིས་ཀྱི་དྲི་མ་སྦྱོང་བའོ། །ལྔ་པ་ནི། བྱིས་པས་འདོད་ཡོན་ལ་ལོངས་སྤྱོད་པ་དང་མཐུན་པ། དཔལ་དུས་འཁོར་ལོའི་རྩ་ཞལ་སྔོན་པོ་ཐུགས་ཀྱི་ཞལ་གྱི་ཐད་ཀར་སློབ་མ་ཐུགས་རྡོ་རྗེར་བསྐྱེད་ནས་སེམས་དཔའ་དང་སེམས་མས་མཐེ་བོའི་རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་བསྐུར་བས་སློབ་མའི་དབང་པོ་ལྔ་དང་ཡུལ་གཟུགས་སྒྲ་སོགས་ལྔའི་དྲི་མ་སྦྱོང་བའོ། །དྲུག་པ་ནི། བྱིས་པ་མིང་འདོགས་པ་དང་མཐུན་པར། ཤར་ཕྱོགས་སུ་སྔར་ལྟར་གནས་པ་ལ་ཁྲོ་བོ་ཁྲོ་མོས་གདུ་བུའི་དབང་བསྐུར་བས་སློབ་མའི་ལས་དབང་ལྔ་ཡི་བྱ་བ་དང་བཅས་པའི་དྲི་མ་དག་པའི་བག་ཆགས་འཇོག་པའོ། །བདུན་པ་ནི། བྱིས་པ་ཕ་མ་སོགས་ཀྱིས་ཡི་གེ་འདྲི་ཀློག་སློབ་པ་དང་མཐུན་པར། དཔལ་དུས་ཀྱི་འཁོར་ལོའི་ནུབ་ཕྱོགས་རྒྱབ་ཞལ་སེར་པོའི་ཐད་ཀར་སློབ་མ་ཡེ་ཤེས་རྡོ་རྗེར་བསྐྱེད་ནས་རྗེས་གནང་། དེ་ཡི་འདོགས་སྔགས་གཏད་སོགས་བཞི་ཡི་དབང་བསྐུར་བས་སློབ་མའི་ལུས་ངག་ཡིད་གསུམ་ཡེ་ཤེས་དང་བཞི་ཡིས་དྲི་མ་སྦྱོང་བའོ། །བྱིས་པ་ལྟར་འཇུག་པ་བདུན་གྱི་དབང་བསྐུར་བའི་མཐར་ལོ་དང་ཟླ་བ་ཚེས་གྲངས་གཟའ་དང་རྒྱུ་སྐར་བྱང་ཤམྦྷ་ལར་རིགས་ལྡན་རྒྱལ་པོ་འདི་ཡིས་ཆོས་འཁོར་བསྐོར་བའི་དུས་ཡིན་ཞེས་ཐོབ་པའི་དུས་བསྒོ་དབང་གི་སྒོ་ནས་རྒན་གཞོན་ཤེས་པར་བྱའོ། །