From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བྱེ་བྲག་བཤད་མཛོད་ཆེན་མོ
|
| Tibetan Definition
|
དགྲ་བཅོམ་པ་རྣམས་ཀྱི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་པ་གནས་བརྟན་རྣམས་ཀྱི་རྣ་བ་ནས་རྣ་བར་བརྒྱུད་པ་ཕྱིས་ཡི་གེར་བཀོད་པའི་བམ་པོ་བརྒྱད་བརྒྱ་ཙམ་ཡོད་པའི་བསྟན་བཅོས་ཤིག སྔོན་སྟོན་པ་ཉིད་ཀྱི་བཀའ་ཇི་ལྟ་བ་བཞིན་ཚིག་བརྗོད་ནས་དེའི་གདམས་ངག་སྟོན་པ་དང་དགོངས་པ་འགྲེལ་པ་ཙམ་ལས། སངས་རྒྱས་ཀྱི་བཀའ་ལས་ལོགས་སུ་བསྟན་བཅོས་རྩོམ་པ་མེད་དོ། །ཕྱིས་སུ་མ་འོངས་པའི་གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་བཀའ་རྣམས་གོ་བདེ་རུ་བཏང་ནས་བྱེ་བྲག་ཏུའམ་ཞིབ་མོར་བཤད་པའི་བསྟན་བཅོས་བརྩམས་པ་ལ། བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱའོ། །འདི་གཞུང་འགྲེལ་མཛད་པ་པོ་རྣམས་ཀྱིས་པཱ་ལིའི་སྐད་ཐོག་རྩོམ་པར་མཛད་པར་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་གསུང་ངོ་། །དེ་ནི་ཁ་ཅིག་གིས་འཕགས་པ་ཉེར་སྦས་ཀྱི་དུས་སུ་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་ནམ་ཐུན་མོང་དུ་བརྩམས་ཟེར་བ་དང་། ཡང་ཁ་ཅིག་གིས་གྲགས་པ་དང་ཐམས་ཅད་འདོད་ལ་སོགས་པས་བྱས་པར་འདོད་ཅིང་། བོད་རྣམས་ནི་ཐམས་ཅད་འདོད་དང་། སྒུར་པོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་མཛད་པ་སོགས་སྣ་ཚོགས་སྣང་ཡང་། གང་ལྟར་དགྲ་བཅོམ་པ་དེ་དག་གི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་པ་གནས་བརྟན་རྣམས་ཀྱི་རྣ་བ་ནས་རྣ་བར་བརྒྱུད་པ་ཕྱིས་ཡི་གེར་བཀོད་པའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་བླ་མ་དྷརྨ་རཀྵི་ཏའི་སྤྱན་སྔར་བྱེ་བྲག་བཤད་མཛོད་ཆེན་མོ་ལོ་བཅུ་གཉིས་ཀྱི་བར་དུ་གསན་ནས་མཐའ་ཆོད་པར་སྦྱངས། འདི་ལ་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། བྱེ་བྲག་བཤད་མཛོད་ཆེན་མོ། བྱེ་བྲག་བཤད་མཚོ། བྱེ་བྲག་བཤད་མཛོད་བཅས་ཐ་སྙད་ཅུང་མི་འདྲ་བ་འགའ་ཞིག་སྣང་ངོ་། །བུ་སྟོན་གྱིས་དགྲ་བཅོམ་པ་བཞི་ལྡན་དང་། སྒུར་པོ་སོགས་ཀྱིས་བསྡུས་ཤིང་། བཤད་མཛོད་ཅེས་པ་མི་འཐད་གསུངས་སོ། །འདི་བོད་དུ་མ་འགྱུར་ཡང་། དེའི་དུམ་བུ་ཞིག་བོད་དུ་འགྱུར་བའི་སྐོར་ཀློང་རྡོལ་བླ་མའི་གསུང་འབུམ་གླེགས་བམ་དང་པོའི་༤༧༠འདུལ་བ་མིང་གི་རྣམ་གྲངས་ལས་གསུངས་ཡོད་པ་མ་ཟད། དེའི་དུམ་བུ་ཞིག་ཀྱང་དེར་དྲངས་ཡོད་དོ། །གཞུང་རིལ་པོ་མ་བསྒྱུར་བར་དུམ་བུ་ཞིག་བསྒྱུར་བའི་རྒྱུ་མཚན་ནི། ལོ་ཙཱ་བ་བཻ་རོ་ཙ་ན་སོགས་པ་ལོ་ཙཱ་བ་མང་དུ་འཚོགས་པའི་སྐབས་སུ་བྱེ་བྲག་བཤད་མཛོད་ཆེན་མོ་ཤིན་ཏུ་བསྒྱུར་དཀའ་བའི་དུམ་བུར་བགོས་ཏེ་བསྒྱུར་བཅུག་པས་བཻ་རོས་བསྒྱུར། གཞན་རྣམས་ཀྱིས་བསྒྱུར་མ་ཐུབ་པར་ལུས་པར་གྲགས་སོ། །འདི་སྐོར་ཟུར་ཙམ་ཞིག་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་སྨིག་རྒྱུའི་བདུད་རྩི་ཞེས་བྱ་བ་དེབ་གཟུགས་༢༡ན་གསལ་ལོ། །ཡང་བྲག་དཀར་སྤྲུལ་སྐུའི་རྣམ་ཐར་ཞིག་ཏུ། འདི་རྒྱ་ཡི་མཁས་པ་ཆེན་པོ་བློ་བཟང་ཆོས་འཕགས་ཞེས་བྱ་བ་རྗེའི་ལམ་རིམ་ཆེན་མོ་རྒྱ་མིའི་སྐད་དུ་སྒྱུར་མཁན་དེས་བྱེ་བྲག་བཤད་མཛོད་ཆེན་པོ་བོད་སྐད་དུ་བསྒྱུར་ཡོད་ཚུལ་ཞིག་མཐོང་བས། དེ་བདེན་པ་ཡིན་མིན་དཔྱད་པར་འཚལ་ལོ། །
|