6065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་དང་སངས་རྒྱས་གཉིས་ལས་སྔོན་ལ་བླ་མ་ལ་ཕྱག་བྱ་དགོས་པའི་ལུང
Tibetan Definition ང་ཚོ་བོད་ཀྱི་ནང་པ་སངས་རྒྱས་པ་རྣམས་ཀྱིས་སྐྱབས་འགྲོ་བྱེད་པའི་ཚེ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བླ་མ་ལ་སྔོན་ལ་ཕྱག་བྱས་ནས། དེ་ནས་སངས་རྒྱས་ལ་བྱེད་པས། དེ་ལ་རྒྱ་གར་གྱི་གནས་བརྟན་སྡེ་པ་སོགས་ཐེག་པ་དམན་པ་རྣམས་ཀྱིས་འཕྱ་སྨོད་བྱེད་ཅིང་། དོན་ལའང་བསྟན་པའི་བདག་པོ་བཅོམ་ལྡན་འདས་ལ་ཕྱག་མི་བྱེད་པར། དང་པོ་བླ་མ་ལ་ཕྱག་བྱེད་པ་འདི་འོས་པ་ཨེ་ཡིན་ཞེ་ན། དེ་ནི་ཤིན་ཏུ་འོས་པ་ཡིན་ཏེ། དེའི་ཁུངས་འདུལ་བ་ལུང་ལས་གསུངས་པའི་ཕྱིར་རོ། །དེ་ཡང་སྔོན་བྲམ་ཟེ་ཉེ་རྒྱལ་དང་པང་ནས་སྐྱེས་ (ཉེ་རྒྱལ་དང་པང་ནས་སྐྱེས་ཞེས་པ་འཕགས་པ་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་སྔོན་མུ་སྟེགས་པ་ཡིན་པའི་སྐབས་ཀྱི་མིང་ཡིན) གཉིས་ཀྱིས་འཕགས་པ་རྟ་ཐུལ་དང་། བཅོམ་ལྡན་འདས་གཉིས་གནས་གཅིག་ཏུ་གཟིགས་པ་ན། རང་གི་བླ་མ་འཕགས་པ་རྟ་ཐུལ་ལ་ཕྱག་བྱའམ། འོན་ཏེ་སངས་རྒྱས་ལ་ཕྱག་བྱ་སྙམ་དུ་བསམས་ཏེ་ཐེ་ཚོམ་དུ་གྱུར་པ་ན། (དེ་དུས་ཁོང་གཉིས་ཀྱིས་བཅོམ་ལྡན་འདས་མཇལ་བ་ཐོག་མ་ཡིན) བཅོམ་ལྡན་འདས་ཀྱིས། གང་ལས་ཆོས་ཐོས་པ་དེ་ལ་བསྙེན་བཀུར་བྱའོ། །ཞེས་གསུངས་ཏེ་འཕགས་པ་རྟ་ཐུལ་ལ་ཕྱག་བཙལ་དུ་བཅུག་གོ །དེ་ཡང་། འདུལ་བ་ལུང་གཞི་༼ ཀ་པ༽ལས། དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་དང་འོད་མའི་ཚལ་བྱ་ཀ་ལན་དཀའི་གནས་ག་ལ་བ་དེར་དོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་རྟ༌ཐུལ་ཉིན་མོ་སྤྱོད་པའི་ཕྱིར་ཤིང་ལྗོན་པ་ཞིག་གི་དྲུང་ན་རྟེན་ཅིང་འདུག་གོ །ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། པང་ནས་སྐྱེས་ཅི་ཇེ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ། འོན་ཏེ་གང་ལས་ཆོས་ཐོས་པ་དེ་ལ་བྱ། དེས་སྨྲས་པ། ཇེ་གང་ལས་ཆོས་ཐོས་པ་དེ་ལ་བསྙེན་བཀུར་བྱའོ། །དེ་གཉིས་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །དེའི་ཚེ་ན་བྲམ་ཟེ་ཟླ་བ་ལ་དགའ་བ་ཞིག་ཟླ་བ་ལ་བསྙེན་བཀུར་བྱེད་ཅིང་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། རྒན་པ་དང་ནི་གཞོན་པའང་རུང༌། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །བྲམ་ཟེ་མེ་ལ་དགའ་བ་ཞིག་ཀྱང་མེ་ལ་བསྙེན་བཀུར་བྱེད་ཅིང་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་སྨྲས་པ། རྒན་པ་དང་ནི་གཞོན་པའང་རུང༌། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་ཕྱག་བྱ་སྟེ། །མེ་ལ་བྲམ་ཟེ་གཙང་མ་བཞིན། །ཞེས་གསུངས་སོ། །དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༩༣ལས་ཀྱང་། ཉེ་རྒྱལ་བཞིན། ཞེས་པ། སྔོན་འཕགས་པ་རྟ་ཐུལ་དང་། སངས་རྒྱས་གཉིས་སྟབས་གཅིག་ན་བཞུགས་པ་ལ། འཕགས་པ་རྟ་ཐུལ་གྱི་སློབ་མ་བྲམ་ཟེ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་ཀྱིས་ཁོང་གི་སྤྱན་སྔར་འོངས་ཏེ། སྔོན་ལ་སངས་རྒྱས་ལ་ཕྱག་བྱ་སྙམ་པས། སངས་རྒྱས་ཀྱི་ཞལ་ནས། གང་ལ་ཆོས་ནི་ཐོས་གྱུར་པ། །དེ་ལ་དང་པོ་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །གསུངས་ནས་སྔོན་ལ་འཕགས་པ་རྟ་ཐུལ་ལ་ཕྱག་གྱིས་གསུངས། དེ་བཞིན་དུ། འོ་སྐོལ་གྱིས་ཀྱང་། ཕྱག་དང་མཆོད་པ་གང་བྱེད་ཀྱང་། སྔོན་ལ་བླ་མ་ལ་བྱེད་པ་ཡིན། མཆོད་པ་རྣམས་ཀྱི་ཐོག་མར་ནི། །བླ་མ་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པ་ལས་དངོས་གྲུབ་ནི། །ཡེ་ཤེས་དམ་པའང་ཐོབ་པར་འགྱུར། །ཞེས་སོ། །དེས་ན་བསོད་ནམས་ཀྱི་ཞིང་གི་ནང་ནས་བླ་མ་ཁོ་ན་དག་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་བས། བླ་མའི་བ་སྤུའི་ཁུང་གཅིག་མཆོག ཅེས་སོ། །ཞེས་གསུངས་སོ། །