6084

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མའི་རྣལ་འབྱོར
Tibetan Definition རང་གི་རྩ་བའི་བླ་མ་སངས་རྒྱས་དངོས་སུ་ལྟ་བའི་སྒོ་ནས་དད་དམ་རྩེ་གཅིག་པའི་ཕྱག་མཆོད་གསོལ་འདེབས་ཀྱི་ཉམས་ལེན་ལ་ཟེར། བླ་མའི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ་ནི། སེམས་རྒྱུད་ལ་བྱིན་རླབས་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་ལ། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སེང་གེས་བཏེགས་པའི་སྟེང་ན་པད་ཉིའི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རིགས་དྲུག་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པ་རྡོ་རྗེ་གཡོན་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷ་རྫས་ཀྱི་གོས་ཀྱི་སྟོད་གཡོག་དང་སྨད་གཡོག་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཟེར་རྣམ་པ་ལྔ་རབ་ཏུ་འབར་བར་བསྒོམས་པའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱ་དམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ་འོད་ཟེར་འཕྲོ་བ་བསྒོམ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་འཆང་ནས་བཟུང་སྟེ། བླ་མ་བརྒྱུད་པ་རྣམས་དང༌། ཡི་དམ་གྱི་ལྷ་ཚོགས་རྣམས་སྤྱི་བོར་དྲངས་ཏེ་བསྟིམས་ལ། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བསྒོམ། སྐྱོན་གྱི་ངོས་ནས་བརྟགས་ན་དངོས་གྲུབ་ཀྱི་གེགས་བྱེད་ལ། ཡོན་ཏན་གྱི་ངོས་ནས་བརྟགས་ན་དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར། དེ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་བླ་མ་དེ་ཉིད་ལ་དམིགས་པའི་དད་པ་དང༌། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པ་ཆེན་པོ་མང་དུ་སྦྱང་ངོ༌། །དེ་ནས་དངོས་བཤམ་ཡིད་སྤྲུལ་གྱི་མཆོད་པའི་དངོས་པོ་གྱ་ནོམ་པ་དང་བཅས་མཎྜལ་རྒྱས་པར་དབུལ། གུས་པ་ཆེན་པོས་ས་ལམ་གྱི་རྟོགས་པ་རྣམས་རང་རྒྱུད་ལ་མྱུར་དུ་སྐྱེ་བ་དང༌། དེ་དག་གི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་གསོལ་བ་བཏབ་པས། དགྱེས་ཏེ་བླ་མའི་སྤྱི་བོའི་ཨོྃ་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས། རང་གི་སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དཀར་པོས་ཁེངས། ལུས་ཀྱི་སྒྲིབ་པ་སྦྱངས། སྐུ་རྡོ་རྗེའི་དངོས་གྲུབ་དང་བྱིན་རླབས་ཐོབ་པར་བསམ། ཡང་བླ་མའི་མགྲིན་པའི་ཨཱ་དམར་པོ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས། རང་གི་མགྲིན་པ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དམར་པོས་ཁེངས། ངག་གི་སྒྲིབ་པ་སྦྱངས། གསུང་རྡོ་རྗེའི་དངོས་གྲུབ་དང་བྱིན་རླབས་ཐོབ་པར་བསམ། ཡང་བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོའི་ཚོགས་འཕྲོས། རང་གི་སྙིང་ག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་སྔོན་པོས་ཁེངས། ཡིད་ཀྱི་སྒྲིབ་པ་སྦྱངས། ཐུགས་རྡོ་རྗེའི་དངོས་གྲུབ་དང་བྱིན་རླབས་ཐོབ་པར་བསམ། དེ་ནས་སྐུའི་གནས་ཐམས་ཅད་ལས་འོད་ཟེར་སྣ་ཚོགས་འཕྲོས། རང་གི་ལུས་ཀྱི་སྒོ་ཐམས་ཅད་ནས་ཞུགས་སྒོ་གསུམ་གྱི་སྒྲིབ་པ་ཕྲ་བ་སྦྱངས། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནས་མདུན་གྱི་བླ་མ་རང་གི་སྤྱི་བོར་རྡོ་རྗེ་བསྡུ་བའི་ཛ་ ཧཱུྃ་བཾ་ཧོ་སྔགས་རྒྱས་སམ། དམིགས་པས་སྤྱན་དྲངས་ཏེ། སྤྱི་བོ་ནས་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང༌། བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་བསམས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །རྗེ་ཙོང་ཁ་པ་ཆེན་པོའི་གསུང་ལ་གཞི་བྱས་ཏེ་བཀོད། དོགས་གཅོད། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༧༦བ༤ལས། དྲི་བ་བདུན་པ། བླ་མའི་རྣལ་འབྱོར་གྱི་སྐབས་སུ་བླ་མ་རྡོ་རྗེ་འཆང་དུ་བསྒྱུར་ནས་སྒོམ་པ་དང་། ད་ལྟ་ཇི་བཞིན་དུ་སྒོམ་པ་གཉིས་ལ་གང་ཟབ་ཟེར་བ་ལ། དྭགས་པོ་བཀའ་བརྒྱུད་ཀྱི་མོས་གུས་ཀྱི་ལམ་གྱི་དགོས་པ་ནི་བླ་མའི་སྐུ་ཇི་ལྟ་བ་བཅོས་བསླད་མི་བྱེད་པའི་དགོངས་པ་ཡིན་ཀྱང་། སྤྱིར་སྔགས་ཀྱི་ལུགས་བསྐྱེད་རིམ་གྱི་རིགས་བདག་གི་ངོ་བོ་བླ་མ་ཉིད་ཡིན་ལ། དེས་ན་བླ་མའི་རྣལ་འབྱོར་གྱི་སྐབས་སུ་རྩ་བའི་བླ་མ་རྡོ་རྗེ་འཆང་ལྟ་བུའི་ལོངས་སྐུ་ཞིག་གི་རྣམ་པར་བསྒོམས་ནས། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཀུན་བསྟིམས་ནས་གསོལ་བ་འདེབས་པ་ཉིད་ཟབ་བོ། །ཞེས་ཤིན་ཏུ་གནད་ཆེ་བ་ཞིག་གསུངས་གདའོ། །