6085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མར་བརྙས་སྨོད
Tibetan Definition སྔགས་ཀྱི་རྩ་ལྟུང་ཞིག བླ་མར་བརྙས་སྨོད་བྱེད་པ་ནི་མཚམས་མེད་ཀྱི་ལས་ལས་ཀྱང་ཚབས་ཆེ་བར་གསུངས་ཏེ། རྗེའི་བླ་མ་ལྔ་བཅུ་པའི་རྣམ་བཤད་༡༢ན༣ལས། འདུས་པའི་ལེའུ་ལྔ་པ་ལས་ཀྱང༌། སེམས་ཅན་མཚམས་མེད་ལ་སོགས་པ། །སྔིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་སྒྲོན་གསལ་ལས་ཕ་མ་དང་དགྲ་བཅོམ་གསོད་པ། དེ་བཞིན་གཤེགས་པའི་སྐུ་འཇིག་པ། ། དམ་པའི་ཆོས་སྤོང་བ་སྟེ། ཤི་མ་ཐག་དམྱལ་བར་ལྟུང་བའི་མཚམས་མེད་ལྔ་དང༌། ཉེ་བའི་མཚམས་མེད་དང༌། སྡིག་པ་ཆེན་པོ་རྩ་ལྟུང་བཞི་སྤྱད་པ་རྣམས་ཀྱང༌། བླ་མའི་དྲིན་གྱིས་རྫོགས་རིམ་ཐོབ་ནས་སངས་རྒྱས་འགྲུབ་པར་འགྱུར་ཡང༌། སྙིང་ནས་སློབ་དཔོན་སྨོད་པ་དང་དེ་དང་ལྷན་ཅིག་ཏུ་ཟང་ཟིང་གིས་ལོངས་སྤྱོད་ཀྱིས་དགའ་བར་བྱེད་པས་ཀྱང་མི་འགྲུབ་ན། དེས་མི་འགྲུབ་པ་སྨོས་ཅི་དགོས། ཞེས་ཆོས་སྤོང་དང་མཚམས་མེད་ལས་ཀྱང་སྡིག་ཆེ་བར་གསུངས་སོ། །དེས་ན་ཉེས་སྤྱོད་དེ་དག་ནི་དངོས་གྲུབ་ཐམས་ཅད་འཕྲོག་ཅིང་ངན་འགྲོ་ཤིན་ཏུ་ཉམ་ང་བའི་སྡུག་བསྔལ་གྱི་རྩ་བར་རྒྱུད་སྡེ་ལས་ཡང་ཡང་ནན་ཆེ་བར་གསུངས་པས་གནས་འདི་ལ་ཤིན་ཏུ་གཟབ་པར་བྱའོ། །ཞེས་དང༌། ཡང་དེ་ཉིད་ལས། བླ་མ་ལ་བརྙས་པ་ལ་སོགས་པའི་ལྟུང་བ་རྣམས་ལ་ཇི་མི་སྙམ་པར་འཇུག་ཅིང༌། བསྲུང་སྡོམ་ཡལ་བར་དོར་ནས་ལམ་བསྒོམ་པ་སྐད་བྱས་ཀྱང༌། ངན་འགྲོའི་སྒོ་འབྱེད་པར་གསུངས་པས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་ཉིད་གཞིར་བཞག་ནས་ལམ་བསྒོམ་པ་དགོས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་བཅུ་བཞི་པ་ལས། གང་གིས་སློབ་དཔོན་ཡང་དག་སྨད།། དེ་ཡིས་རྒྱུད་ཀུན་སྒྲུབ་པའི་མཆོག །གཉིད་དང་འདུ་འཛི་རྣམ་སྤངས་ཏེ། །བསྐལ་པ་སྟོང་དུ་ལེགས་བསྒྲུབ་ཀྱང༌། །དམྱལ་སོགས་སྒྲུབ་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །ཚེ་འདིར་ཡང་ནད་གདོན་སོགས་ཉེར་འཚེ་ཐམས་ཅད་འབྱུང་བ་ཡིན་ཏེ། དེའི་གོང་ཙམ་༡༠བ༥ལས། སློབ་དཔོན་ལ་ནི་སྨོད་པ་དེ། ཡམས་དང་འཚེ་བའི་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ཞེས་གསུངས་སོ། །བླ་མ་བསྟེན་ཚུལ་ཉེས་ན་འདི་ལས་སྡིག་ཆེ་བ་མེད་པས། སྔར་མི་ཤེས་པ་དང་རྨོངས་པའི་དབང་གིས་བསྟེན་ཚུལ་ཉེས་ནའང༌། འགྱོད་སེམས་དྲག་པོས་བླ་མ་ཞལ་བཞུགས་ན་དེའི་སྐུ་མདུན་དང་མེད་ཀྱང་བླ་མའི་སྐུའི་ན་བཟའ་ཚུན་ཆད་ཀྱི་དྲུང་དུ་བཤགས་སྡོམ་ལ་འབད་ན་ད་ལྟ་ཡང་ཕྱིས་དྲགས་མེད་པས། སེམས་དང་ལྡན་པ་དག་གནས་འདི་ལ་ཤིན་ཏུ་གཟབ་པར་བྱའོ། །