6157

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ག་དྷ
Tibetan Definition (ལེགས་སྦྱར) 1 སྟོན་པ་ཞལ་བཞུགས་དུས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཆབ་འོག་གི་ཡུལ། ཤར་དུ་ཨངྒའི་ཕྱེད། (དགེ་འདུན་ཆོས་འཕེལ་གྱིས་ཤར་དུ་ཨང་གའི་ཕྱེད་ཅེས་པ་མི་འགྲིག་སྟེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཨང་གའི་རྒྱལ་པོ་བསད་ནས་ཨང་ག་ཡུལ་ཡོངས་རྫོགས་མངའ་ཞབས་སུ་བཅུག་པའི་སྐོར། འདུལ་ལུང་གཞི་༼ ཀ ༽༦ན༣ལས་གསུངས་ཏེ། གཟུགས་ཅན་སྙིང་པོས་ཨང་གའི་རྒྱལ་པོ་བསད་དེ་གྲོང་ཁྱེར་ཙམ་པ་རང་གི་ལག་ཏུ་ཐོབ་ནས། ཞེས་སོགས་ནས། དེ་ནས་གཞོན་ནུ་གཟུགས་ཅན་སྙིང་པོས་ཡུལ་ཨང་ག་དག་ཏུ་རྒྱལ་སྲིད་འབྱོར་བ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་བྱེད་དུ་བཅུག་གོ །ཞེས་སོགས་གསུངས་སོ) ལྷོར་གཱ་ཡ། ནུབ་ཏུ་ཝཱ་རཱ་ཎ་སཱི། བྱང་དུ་གངྒཱས་བཅད་པའི་དབུས་ཀྱི་ཡུལ་རྣམས་ཀྱི་ཐུན་མོང་གི་མིང་ངོ་། །དགེ་འདུན་ཆོས་འཕེལ་གྱི་གསུང་ལ་གཞི་བྱས་ཏེ་བཀོད། བསྒྱུར་ན་དབུས་འགྱུར་འཆང་ཞེས་བྱ་སྟེ། མ་ནི་མ་དྷྱ་སྟེ། དབུས། ག་ནི་ག་ཏ་སྟེ། གྱུར་པ། དྷ་ནི་དྷེ་ར་སྟེ། འཆང་བ། ཞེས་འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ། རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས་ཀྱང་། མ་ག་དྷ་ཞེས་དབུས་འགྱུར་འཆང་དུ་གྲགས་པ་ཞེས་གསུངས་པ་ལྟར་རོ། །མ་ག་དྷ་ནི་རིགས་ཀྱི་མིང་ཡུལ་ལ་ཐོགས་པ་སྟེ། དེ་ནི་ཡུལ་དབུས་ཀྱི་རྒྱལ་རིགས་པ་རྣམས་ཀྱི་མིང་ཡིན་ལ། དེ་དག་གནས་པའི་ཡུལ་ལ་མ་ག་དྷ་ཞེས་ཐོགས་སོ། །ཨངྒ་ལའང་རིགས་འགྲེའོ། །འདུལ་བ་གཞིི་རྒྱ་ཆེར་འགྲེལ་ལས། མ་ག་དྷ་དག་ན་ཞེས་བྱ་བ་ནི། མ་ག་དྷ་ཞེས་པའི་མི་རྒྱལ་རིགས་རྣམས་གནས་པའི་ཡུལ་མ་ག་དྷ་ཞེས་བྱ་བ་དག་ནའོ། །ཞེས་གསུངས་པ་ལྟར་རོ། །2 ཡང་བཤད་ཚུལ་གཞན་ཞིག་ལ། ཨཾ་གའམ། ཨངྒ་ཞེས་པ་Encyclopaedia Britainnica 2002 ཞེས་པའི་སྙན་གྲགས་ཅན་གྱི་རིག་མཛོད་ཆེན་མོའི་ནང་ (Anga) ཞེས་པ་ཝི་ཧཱར་གྱི་མངའ་སྡེའི་ཤར་ཕྱོགས་ས་ཁུལ་ལ་ཡོད། ཨངྒ་ནི། དེང་སང་ Bhagalpur ཞེས་པའི་རྫོང་དེ་ཡིན་པར་འགའ་ཞིག་གིས་ངོས་འཛིན་བྱེད) སྟོན་པ་དང་དུས་མཚུངས་པར་བྱོན་པའི་རྒྱལ་པོ་གཟུགས་ཅན་སྙིང་པོའམ་བིམྦི་སཱ་རས་རྫོང་དེ་མ་ག་དྷའི་ཁོངས་སུ་བཙུད་ཅེས་གསལ། (འདུལ་བ་ལུང་དུའང་དེ་ལྟར་གསལ་ཏེ། འདུལ་བ་ལུང་གཞི་གླེགས་བམ་དང་པོའི་ནང་། མ་ག་དྷའི་རྒྱལ་པོ་པདྨ་ཆེན་པོས། གཞོན་ནུ་གཟུགས་ཅན་སྙིང་པོ་དཔུང་གྲོགས་སུ་བསྟེན་ནས། ཨངྒའི་རྒྱལ་པོ་བསད་དེ་ཨངྒ་དང་དེའི་གྲོང་ཁྱེར་གཙོ་བོ་ཙམ་པ་ཡང་དེའི་མངའ་འོག་ཏུ་བསྡུས་ཚུལ་གསུངས་སོ) དེ་ལྟར་ན་མ་ག་དྷ་ཞེས་པ་གོང་དུ་བཤད་པའི་བི་ཧཱར་གྱི་དབུས་དང་ལྷོ་ནུབ་ཀྱི་ས་ཁུལ་དེ་ཙམ་མིན་པར་ཝི་ཧཱར་གྱི་ཤར་ཕྱོགས་ས་ཁུལ་ཡང་དེའི་ཁོངས་སུ་གཏོགས་པར་ཤོད་མཁན་ཡང་ཡོད། སླར་ཡང་ཕྱིས་སུ་རྒྱ་གར་གྱི་རྒྱལ་པོ་ཙནྡྲ་གུཔྟ་Chandragupta སྟེ་ཟླ་བ་སྦས་པ་དང་། དེའི་བུ་ཚ་ཆོས་རྒྱལ་མྱ་ངན་མེདAshoka སོགས་རྒྱལ་བརྒྱུད་སྟོབས་ཆེན་རིམ་པར་བྱོན་ཏེ་མ་ག་དྷ་ཞེས་པའི་རྒྱལ་སྲིད་ས་ཁོངས་དེ་བས་ཀྱང་རྒྱ་ཆེ་རུ་སོང་ཡོད་པའི་ཚོད་དཔག་བྱེད། མ་ག་དྷའི་སྐོར་དུས་རབས་བཞི་པའི་ནང་བྱོན་པའི་རྒྱ་ནག་གི་བཙུན་པ་Fa-Hsien དང་། དུས་རབས་བདུན་པའི་ནང་ཐང་རྒྱལ་རབས་ཀྱི་དུས་སུ་བྱོན་པའི་ཐང་ཟན་ཙང་Hsuan Tsang རྣམ་གཉིས་ཀྱི་ལམ་ཡིག travel diaries ནང་འཁོད་ཡོད་པར་བཤད། རྒྱ་གར་གྱི་ཧིནྡཱུའི་རཱ་མ་ཎའི་རྟོགས་བརྗོད་དང་། མ་ཧཱ་བྷ་ར་ཏའི་ (དཔའ་བོའི་བྱུང་རབས) གཉིས་སུའང་མ་ག་དྷ་ཞེས་པའི་མིང་འབྱུང་བར་བཤད་དོ། །3 ཡང་བཤད་ཚུལ་གཞན་ཞིག་ལ། མ་ག་དྷ་ནི་གནའ་བོའི་རྒྱ་གར་གྱི་རྒྱལ་སྲིད་ཅིག་ཡིན་ལ། དེང་སང་གི་Bihar བི་ཧཱར་མངའ་སྡེ། འཇར་ཁན་ད་Jharkhand མངའ་སྡེ། ཝཱ་རཱ་ཎ་སཱི་སོགས་ཝི་ཧཱར་གྱི་ཉེ་འདབས་སུ་ཡོད་པའི་བྱང་ཕྱོགས་མངའ་སྡེའི་ Uttar Pradesh ས་ཁུལ་རྣམས་ལ་མ་ག་དྷ་ཟེར་གྱི་ཡོད་པའི་ཚོད་དཔག་བྱེད་མཁན་འདུག་ཀྱང་འཐད་པར་མ་མཐོང་།