6163

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་གྲངས་གྲོལ་བ
Tibetan Definition 2 ཕྲུག་གུ་རྩེད་མོ་རྩེ་བའི་གནས་ཀྱི་མིང་དུའང་བཤད། སྒྲ་བཤད་ནི། མ་གྲངས་པ་ནི་རྒོད་བག་དང་། མ་དུལ་བ། མཉམ་པར་མ་བཞག་པ་བཅས་ཀྱི་དོན་ཡིན་ལ། གྲོལ་བ་ནི་མ་བསྡམས་པའམ་ཞིག་པའི་དོན་ཏེ། དཔེར་ན་མདུད་པ་གྲོལ་ཞེས་པ་ལྟ་བུ། དེ་ཡང་བྱུང་རྒྱལ་བག་མེད་དམ། རང་ཡན་དུ་སོང་བའམ་རེངས་པའི་དོན་ནོ། །སྤྱོད་འཇུག་ལས། མ་གྲངས་གྲོལ་བའི་ཁྲོད་གནས་ན། །སྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། །ཞེས་གསུངས་པ་ལྟར་རོ། །ཐུབ་བསྟན་ཆོས་ཀྱི་གྲགས་པའི་སྤྱོད་འཇུག་འགྲེལ་པ་༢༣༨ལས། མ་གྲངས་གྲོལ་བ་རྒྱ་གར་གྱི་སྐད་དོད་གཅིག་ལ་བོད་སྐད་གཉིས་སུ་བསྒྱུར་བ་སྟེ་མཉམ་པར་མ་བཞག་པས་མ་གྲངས། རྣམ་པར་གཡེངས་པས་གྲོལ་བ་སྟེ་མ་བསྡམས་པར་སྤྱོད་པ་རང་ཡན་དུ་སོང་བའི་བྱིས་པ་ཙབ་ཀྲོལ་ཅན་ཞེས་བུ་སྟོན་སོགས་གསུང་ངོ་། །དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་ལས་ཀྱང་། མ་གྲངས་པ་ནི་རླངས་པ་མ་ཡོལ་བ་སྟེ་ཤེད་མ་བྱེ་བའི་དོན་གྱི་བརྡ་རྙིང་ཡིན་ལ་གྲོལ་བ་ནི་བྱུང་རྒྱལ་དུ་བག་མེད་པར་སྤྱོད་པས་མི་སྲུན་པའི་དོན་ཏེ། ཞེས་ཀྱང་གསུངས་སོ། །བོད་རྒྱ་ཚིག་མཛོ་ཆེན་མོ་དང་། ལི་ཤིའི་གུར་ཁང་། བསྟན་དར་ལྷ་རམས་པ་སོགས་ཀྱིས། མ་དྲངས་དྲོལ་བ་ཞེས་གསུང་ཡང་། རྒྱ་གར་གྱི་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས། རྒྱ་གར་གྱི་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏ། བུ་སྟོན་རིན་པོ་ཆེ། རྒྱལ་ཚབ་དར་མ་རིན་ཆེན་གྱི་ཊཱི་ཀ། ཐུབ་བསྟན་ཆོས་ཀྱི་གྲགས་པའི་ཊཱི་ཀ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་ཊཱི་ཀ་སོགས་གཞུང་མང་པོར་མ་གྲངས་གྲོལ་བ་ཞེས་འབྱུང་ངོ་། །