6227

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་རིག་པ
Tibetan Definition <ཨ་བིདྱཱ> 1 (དཔལ་ལྡན་ཟླ་བ་གྲགས་པ) བདེན་འཛིན་ལ། མ་རིག་པར་བཞེད། རྗེའི་ལམ་རིམ་ཆེན་མོ་ལས། འདིར་སློབ་དཔོན་ཟླ་བ་གྲགས་པའི་བཞེད་པ་ནི་དབུ་མ་པ་གཞན་རྣམས་ཤེས་སྒྲིབ་ཏུ་བཞེད་པའི་དངོས་པོ་བདེན་པར་འཛིན་པ་ནི་མ་རིག་པར་བཞེད་ལ། ཞེས་དང་། དེ་ལྟ་བུའི་མ་རིག་པ་ངོས་འཛིན་ལུགས་དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ། །དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །ཅེས་གསུངས་ཤིང༌། ཞེས་གསུངས་སོ། །2 (ཐོགས་མེད་སྐུ་མཆེད) མ་རིག་པ་ནི། གནས་ལུགས་ལ་རྨོངས་པའི་སེམས་བྱུང་ཞིག་ལ། སློབ་དཔོན་ཐོགས་མེད་སྐུ་མཆེད་བཞེད། རྗེའི་ལམ་རིམ་ཆེན་མོ་ལས། ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་དང༌། ཡང་དག་པའི་དོན་ལ་རྨོངས་པ་ཙམ་གཉིས་ལས། ཕྱི་མ་ཡང་དག་པའི་དོན་ལ་རྨོངས་པ་ཙམ་ལ་མ་རིག་པར་བཞེད། མདོར་ན་ལོག་པར་རྟོག་པ་དང༌། མ་རྟོགས་པའི་བློ་གཉིས་ལས། མ་རྟོགས་པའི་བློ་ལ་བཞེད་དོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། མ་རིག་པ་ཞེས་པའི་དགག་ཚིག་ནི། དམན་པ་ལ་དགག་ཚིག་སྦྱར་བ་སྟེ། དཔེར་ན་བུ་ཤིན་ཏུ་དམན་པའི་མ་ལ། མ་བུ་མེད་ཅེས་པ་ལྟ་བུའོ། །མ་རིག་པའི་སྒྲ་བཤད་སྐོར། ཀུན་མཁྱེན་འཇིགས་མེད་དབང་པོའི་རྟེན་འབྲེལ་རྩོམ་འཕྲོ་༢༤བ༤ན་གསལ་ལོ། ། 3 (དཔལ་ཆོས་ཀྱི་གྲགས་པ) འཇིག་ལྟ་ལ། རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་བཞེད་དོ། །རྗེའི་ལམ་རིམ་ཆེན་མོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལས། མ་རིག་པ་ནི། མཛོད་ལས། མ་རིག་མི་མཛའ་བརྫུན་སོགས་བཞིན། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་མི་མཛའ་བ་དང་བརྫུན་ནི་མཛའ་བའམ་བདེན་པ་བཀག་ཙམ་མམ་དེ་གཉིས་ལས་གཞན་པ་ཙམ་ལ་མི་བྱེད་ཀྱི། མཛའ་བ་དང་བདེན་ཚིག་གི་འགལ་ཟླར་གྱུར་པའི་མི་མཐུན་ཕྱོགས་ལ་བྱེད་པ་ལྟར། མ་རིག་པ་ཡང་གཉེན་པོར་གྱུར་པའི་རིག་པ་བཀག་ཙམ་དང་དེ་ལས་གཞན་པ་ཙམ་ལ་མི་བྱེད་ཀྱི། རིག་པའི་འགལ་ཟླར་གྱུར་པའི་མི་མཐུན་ཕྱོགས་སོ། །དེ་ལ་འདིར་གཉེན་པོ་རིག་པ་ནི་ཡང་དག་པ་གང་ཟག་གི་བདག་མེད་པའི་དོན་རིག་པ་ཡིན་པས་དེའི་འགལ་ཟླ་ནི་གང་ཟག་གི་བདག་ཏུ་འཛིན་པའི་འཇིག་ལྟའོ། །ཞེས་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་བཞེད་ལ། ཞེས་གསུངས།