From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་ཧཱ་བོ་དྷིཿ
|
Tibetan Definition
|
(ལེགས་སྦྱར) 1 རྟོགས་པ་ཆེན་པོའམ་བྱང་ཆུབ་ཆེན་པོ་སྟེ་སངས་རྒྱས་སྤྱིའི་མིང༌། སཾ་བོད་སྐད་གཉིས་ཤན་སྦྱར་སོགས་ལ་གཞི་བྱས། 2 གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ངོ་མཚར་ཅན་དེ་ལ་མ་ཧཱ་བོ་དྷིཿའམ་བྱང་ཆུབ་ཆེན་པོ་ཟེར། འདི་ཆོས་རྒྱལ་མྱ་ངན་མེད་ཀྱི་ཞལ་བཀོད་ལྟར་བྲམ་ཟེའི་ལྷ་བཟོ་མཐོ་བཙུན་གྲུབ་རྗེས་རྒྱུ་ཙནྡན་གོ་ཤིརྵ་ལས་བྱས་ཤིང་བཞེངས་པ་ཡིན་ཏེ། སྡེ་དགེ་བསྟན་འགྱུར་རྒྱུད་༼ ཚུ་པ ༽༡༠༨བ༡ལས། དེ་ལ་བྲམ་ཟེ་མཐོ་བཙུན་གྲུབ་རྗེས་དཔལ་ལྡན་བྱང་ཆུབ་ཆེན་པོ་བཞེངས་པར་འདོད་པ་ལ། ལྷས་ལུང་བསྟན་པ་ནཻ་རཉྫ་ནའི་འགྲམ་ན་ཙནྡན་གོ་ཤིརྵ་ཡོད་པ་ལས་སྒྲུབས་ཤིག་ཅེས་ཐོས་ནས། སོ་གའི་དུས་སུ་མ་ཧེ་མང་པོ་བྱེ་མའི་སྟེང་ཉི་མ་རེ་རེ་ཞིང་འདུག་པ་མཐོང་ནས། དེ་བསིལ་བའི་གནས་སུ་འདུག་པ་ལ་དཔགས་ཏེ་བཙལ་བས་རྙེད་དེ་ཙནྡན་གོ་ཤིརྵ་དེ་ཉིད་ལས་རྗེ་བཙུན་གྱི་སྐུ་བཞེངས་སོ། །ཞེས་གསུངས་ཤིང་། ཡང་སྡེ་དགེ་བསྟན་འགྱུར་རྒྱུད་༼ ཚུ་པ ༽༡༠༧ན༦ལས། དཔལ་ལྡན་ཆོས་ཀྱི་མྱ་ངན་མེད་ཀྱི་བར་མ་ཆད་དུ་བྲམ་ཟེ་མཐོ་བཙུན་གྲུབ་རྗེས་བྱང་ཆུབ་ཆེན་པོའི་དྲི་གཙང་ཁང་ཆེན་པོ་བྱང་ཆུབ་ཆེན་པོའི་སྐུ་དང་བཅས་པ་བཞེངས་སོ། །ཞེས་གསུངས་སོ། །མ་ཧཱ་བོ་དྷིཿའམ་བྱང་ཆུབ་ཆེན་པོ་ནི་ཐུབ་པའི་སྐུ་བརྙན་བྱིན་ཅན་དེ་ཉིད་ཀྱི་མཚན་ཡིན་ཏེ། དེབ་སྔོན་སྟོད་ཆ་༦༧ལས། དེ་ནས་རྡོ་རྗེའི་གདན་དུ་ཕྱིན། བྱང་ཆུབ་ཆེན་པོ་ལ་མཆོད་པ་ཕུལ་བས། དགུན་ཟླ་འབྲིང་པོ་ལ་ཆར་ཆེན་པོ་བབ། ཅེས་གསུངས་པས་ཤེས་སོ། །ཡང་བཤད་ཚུལ་གཞན་ཞིག་འདིའི་ལོ་རྒྱུས་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུར་ཉེ་བ་ན། ཡུལ་མ་ག་དྷ་ན་ཁྱིམ་བདག་བྲམ་ཟེ་མ་ཧཱ་པ་ལ་ཟེར་བ་ཞིག་ལ་ཇོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་ཡོད། དེ་གཉིས་ལ་བུ་གསུམ་ཡོད་པ་ལས། བུ་ཆེ་བ་མ་ཧཱ་མ་སེ་ཞེས་བྱ་བས་ཝཱ་རཱ་ཎ་སཱིར་ལྷ་ཁང་བཞེངས། བུ་འབྲིང་པོ་སི་བ་ས་མེ་ཞེས་བྱ་བས་ཛེ་ཏའི་ཚལ་དུ་ལྷ་ཁང་བཞེངས། བུ་ཆུང་བ་སྤྲ་ཏ་ས་མེ་ཞེས་བྱ་བས་རྡོ་རྗེ་གདན་དུ། ཕྱི་གནྡྷོ་ལ་ནང་དུ་ལྷ་ཁང་བྱས་པ་བརྩིགས་ཏེ། དེའི་ནང་བཅོམ་ལྡན་འདས་དགུང་ལོ་སུམ་ཅུ་པའི་སྐུ་ཚད་ཅིག་བཞེངས་པར་འདོད་པའི་རྒྱུ་ཙནྡན་དང་རིན་པོ་ཆེའི་ཕྱེ་མ་བསྲེས་ནས་འཇིམ་པའི་ཕུང་པོར་བྱས་པ་དང༌། ཨ་མ་ན་རེ། ལྷ་བཟོ་དང༌། བུ་ཁྱོད་རང་དང༌། རྒྱགས་ཆུ་ (བཟའ་བཏུང) དང་གསུམ་པོ་ནང་དུ་སྡོད། སྒོ་ལ་ལྕགས་གཟེར་རྒྱོབ་ལ། ཟླ་བ་གསུམ་དང་ཞག་གསུམ་ལ་ཚར་བར་གྱིས་ཤིག་ཟེར་རོ། །དེར་ཟླ་བ་གསུམ་དང་ཞག་གཉིས་སོང་དུས་ཨ་མ་བྱུང་སྟེ། སྒོ་ཕྱེས་ཤིག་ཟེར་རོ། །བུ་ན་རེ། ཟླ་བ་གསུམ་དང་ཞག་གཉིས་སོང་ད་དུང་ཞག་གཅིག་མ་ཐིམ་ཟེར་བས། ཨ་མ་ན་རེ། ཞག་གཅིག་མ་ཐིམ་ཡང་དབང་མེད། ང་ནི་སང་འཆི་བར་འདུག ད་ལྟ་སངས་རྒྱས་ཀྱི་ཞལ་མཐོང་བ་ང་ལས་མི་འདུག ངས་འདྲ་མི་འདྲ་མ་བལྟས་ན། གཞན་གྱིས་ཤན་མི་ཕྱེད་པས། སྒོ་ཕྱེས་ཤིག་ངས་བལྟ་དགོས་ཟེར་རོ། །དེར་སྒོ་ཕྱེས་པ་དང༌། ལྷ་བཟོ་བ་དེ་སྤྲུལ་པར་འདུག་ནས་འཇའ་ཡལ་བ་བཞིན་སོང་ངོ༌། །དགུང་ལོ་སུམ་ཅུ་པའི་སངས་རྒྱས་ཀྱི་སྐུ་ཚད་དེ་ནི། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ངོ་མཚར་ཆེ་བ་ནི་འདི་ལྟ་སྟེ། མི་རྣམས་ཀྱིས་རྟེན་དེ་དང་མཇལ་བའི་དུས་སུ། ལྟོགས་སྐོམ་བརྗེད་ནས་བཟའ་བཏུང་གཞན་གྱིས་སྟེར་དགོས་པ་དང༌། མཇལ་ནས་ཕྱིར་འོང་བའི་དུས་སུ་རྒྱབ་སྟོན་མི་ཕོད་པར་ཕྱི་འགྲོས་སུ་འགྱེས་པར་འགྱུར་རོ། །མི་རྣམས་གློ་བུར་དུ་ན་བར་གྱུར་ན། རྟེན་དེའི་ཞལ་མཐོང་བ་ཙམ་གྱིས་ནད་སོས་པར་འགྱུར་རོ། །མི་རྣམས་འཐབ་རྩོད་ཀྱི་ཞེ་སྡང་རབ་ཏུ་འབར་བར་གྱུར་ན་ཡང༌། རྟེན་དེའི་ཞལ་མཐོང་བ་ཙམ་གྱིས་ཞེ་སྡང་རབ་ཏུ་ཞི་ནས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་རོ། །ཞག་གཅིག་མ་ཐིམ་པ་ལ་སྐྱོན་ཅི་བྱུང་བལྟས་པས། ཞབས་གཡས་པའི་མཐེའུ་ཆུང་མ་གྲུབ་པར་ཡོད་པར་གྲག་གོ། མ་རྒན་དེ་ཡང་སྐུ་དེ་མཇལ་བའི་ཕྱི་ཉིན་འདས་སོ། །རྒྱལ་རབས་གསལ་བའི་མེ་ལོང་སོགས་ལས་དེ་ལྟར་བཤད་ཀྱང་ཁུངས་ཚོལ།
|