6266

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་སློབ་བདུན
Tibetan Definition (འདུལ་བ) འདུལ་བ་ནས་བཤད་པའི་མཁན་པོ་གཉིས་དང་། སློབ་དཔོན་ལྔ་དང་བདུན་ནོ། །མཁན་པོ་གཉིས་ནི། རབ་བྱུང་གི་མཁན་པོ་དང་། བསྙེན་རྫོགས་ཀྱི་མཁན་པོ་གཉིས་སོ། །སློབ་དཔོན་ལྔ་ནི། དགེ་ཚུལ་གྱི་སློབ་དཔོན། གསང་སྟེ་སྟོན་པའི་སློབ་དཔོན། ལས་བྱེད་པའི་སློབ་དཔོན། གནས་སྦྱིན་པའི་སློབ་དཔོན། ཀློག་པའི་སློབ་དཔོན་དང་ལྔའོ། །དགེ་ཚུལ་གྱི་སློབ་དཔོན་གང་ཞེ་ན། །གང་གིས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་བྱིན་པ་ཡིན་ནོ། །གསང་སྟེ་སྟོན་པ་གང་ཞེ་ན། གང་གིས་གསང་སྟེ་བསྟན་པ་ཡིན་ནོ། །ལས་བྱེད་པ་གང་ཞེ་ན། གང་གིས་གསོལ་བ་དང་བཞིའི་ལས་ཀྱིས་ལས་བྱས་པ་ཡིན་ནོ། །གནས་སྦྱིན་པའི་སློབ་དཔོན་གང་ཞེ་ན། གང་གི་དྲུང་དུ་ཞག་གཅིག་ཙམ་ཡང་གནས་པས་འདུག་པ་ཡིན་ནོ། །ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ལན་གསུམ་དུ་བཟླས་ཏེ་བཟུང་བ་ཡིན་ནོ། །མཁན་སློབ་བྱུང་ཚུལ་ནི། སྔོན་ཆོག་གི་སྐབས་སུ་རབ་བྱུང་དང་བསྙེན་རྫོགས་བསྒྲུབ་པ་ན་མཁན་སློབ་མེད་པར་དགེ་འདུན་ཙམ་གྱིས་བསྒྲུབས་པར་བྱས་པས། དགེ་སློང་རྣམས་ལེགས་པར་མ་སྦྱངས་པ་དང་། གོས་ལེགས་པར་མ་བགོས་པ་དང་། སྤྱོད་ལམ་ཚུལ་བཞིན་མ་བྱས་པ་ལ་སོགས་པས་ཁྱིམ་པ་རྣམས་མ་དད་པར་གྱུར་ནས་འཕྱ་བར་བྱས་པ་དང་། དེ་བཞིན་དུ་དགེ་སློང་ནད་པ་ནད་གཡོག་མེད་པར་ཤི་བ་ལ་བརྟེན་ནས་ད་ལྟར་གྱི་ཆོ་གའི་སྐབས་སུ་མཁན་སློབ་གྱིས་རབ་བྱུང་དང་བསྙེན་རྫོགས་བསྒྲུབ་པར་གནང་ངོ་། །འདུལ་བ་ལུང་གཞི་ལ་གཞི་བྱས་ཏེ་བཀོད་དོ། །