From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཁའ་འགྲོ་མ
|
Tibetan Definition
|
<ཌཱཀི་ནཱི> 1 ཆོས་ཀྱི་རྟོགས་པ་མཐོན་པོར་སོན་པའི་བུད་མེད། རྟོགས་པ་མཐོན་པོའི་རྣལ་འབྱོར་མ། གྲུབ་པའི་རྣལ་འབྱོར་མ། ཨོ་རྒྱན་སོགས་ཀྱི་ཞིང་སྐྱེས་ཀྱི་བུད་མེད། དཔེར་ན་ནཱ་རོ་པའི་ལྕམ་སྲིང་མཁའ་འགྲོ་མ་ “ནི་གུ་མ” ལྟ་བུ། བྱེ་བྲག་རྟོགས་བྱེད་འབྲིང་པོ་༡༥༥རྒྱབ་གཟིགས་ཡིག་ཕྲེང་༥པ་ལས། ཌཱཀི་ནཱི་ཞེས་བྱ་བ་ “ཌིཾབིཧཡསི་གཏོ” ཞེས་བྱ་སྟེ། སྔགས་གྲུབ་པ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རྫུ་འཕྲུལ་ཐོབ་པའི་མིང་སྟེ། མཁའ་འགྲོ་མ་ཞེས་བྱ། ཞེས་གསུངས། བུ་སྟོན་རིན་པོ་ཆེའི་སམྦུ་ཊའི་འགྲེལ་པ་སྙིང་པོའི་དེ་ཁོ་ཉིད་གསལ་བར་བྱེད་པ་༤༢ན༦ལས། མཁའ་འགྲོ་མའི་སྐད་དོད་ཌཱ་ཀི་ནི་ཞེས་པ་ལ། ཌ་ནི་མཁའ་ཡིན་ལ། ཨ་ཀི་ནི། བྱིངས་ལ་ཨཀ་ཨཀ་གྱ་གྱུར་འགྲོ་བ་ལའོ་ཞེས་འདོན་པས་ནམ་མཁའ་ལ་ཐམས་ཅད་ནས་ཐམས་ཅད་དུ་གྱ་གྱུར་འགྲོ་བའི་ངང་ཚུལ་ཅན་ཡིན་པས། མཁའ་འགྲོ་མ་སྟེ། རྫུ་འཕྲུལ་གྱི་ལུས་དཔག་ཏུ་མེད་པ་ཅིག་ཅར་ཐམས་ཅད་དུ་འགྲོ་བ་སྟེ། ཞེས་གསུངས་སོ། ། 2 དག་ཞིང་དུ་བཞུགས་པའི་ལྷ་མོ། 3 ངན་སྔགས་ཤེས་ཤིང་མི་ཤ་ཟ་བ་སོགས་བྱེད་པའི་འཇིགས་སྣང་བྱེད་ཡུལ་གྱི་བུད་མེད་གཏུམ་མོ་མ་རུང་པའི་མཐར་ཐུག་ཅིག་ལ་ངོས་འཛིན་བྱེད། སྤྱོད་འཇུག་ལས། མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག། ཅེས་དང་། དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལེ་ཚན་བཅུ་པ་ལས་ཀྱང་། བུད་མེད་མཁའ་འགྲོ་མ་མང་བའི་གཏམ་ནི་གྲོང་ཀུན་ཏུ་གྲགས་ཆེ། ལྷག་པར་མ་ཎི་ཀཎྜན་བྱ་བའི་གྲོང་དེར་མཁའ་འགྲོ་མང་ཟེར་ནས་འགྲོ་བ་ལ་ཡང་འཇིགས་པར་བལྟ། མཁའ་འགྲོ་མ་ནི་རང་རེའི་སེམས་ལ་འཆར་ཚུལ་དང་ཡེ་མི་འདྲ། བུད་མེད་ངན་སྔགས་ཤེས་ཤིང་མི་ཤ་ཟ་བ་སོགས་བྱེད་པའི་མ་རུང་མཐར་ཐུག་ཅིག་ལ་འདོད། སྔོན་གྱི་ལོ་ཙཱ་བ་རྣམས་ཌ་ཀི་ནི་བྱ་བའི་ཚིག་དེ་ཕྲ་མེན་མར་བསྒྱུར། ཡ་མཚན་པ་སྤྱོད་འཇུག་ཏུ། བྱད་པ་དེ་བཞིན་སྲིན་པོ་རྣམས། །བྱ་བར། ཌཀིནསརཱ་ཀ་སསྟ་ཐཱ་སོགས་བྱུང་བས། དེ་ན་བྱད་ནི་ངན་སྔགས་ལ་གྲགས་པས་བྱད་མ་ནི་ངན་སྔགས་བྱེད་པའི་བུད་མེད་དང་། དེར་ཌ་ཀི་ནི་བྱ་བ་བསྒྱུར་འདུག མཁའ་འགྲོ་མ་བྱ་བ་འཇིག་རྟེན་དུ་ངན་པར་གྲགས་ཀྱང་སྔགས་ཀྱི་གྲོགས་མཆོག་ཏུ་གྱུར་པ་ནི་ཤིན་ཏུ་ཡང་འོས་པ་ཡིན། འདི་ཙམ་དུ་མ་ཟད་ཀྱི་གདོལ་བ་མོ་དང་། ཉ་མ་མོ་སོགས་ཕྱག་རྒྱའི་མཚན་དུ་བསྟན་ཅིང་། ཙཎྜ་ལི་སོགས་ཐ་ཆད་ལ་ཤིན་ཏུ་བསྔགས་པས་སོ། །ཞེས་གསལ།
|