6319

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁྲིག་མ
Tibetan Definition <མ་ཎི་བནྡྷ> ལག་མགོ་དང་ལག་ངར། རྐང་མགོ་དང་རྗེ་ངར་གཉིས་སྦྲེལ་བའི་ལྷུ་ཚིགས་ཀྱི་མིང་། མཁྲིག་མ་ནི་ལག་གདུབ་དང་རྒྱན་སོགས་ནོར་བུ་འཆིང་བའི་གནས་ཡིན་པའི་ཆ་ནས་འདི་ལ་ལེགས་སྦྱར་དུ་མ་ཎི་བནྡྷ་སྟེ་ནོར་བུ་འཆིང་བ་ཞེས་ཟེར་རོ། །མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་དང་། འཕགས་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་འཕྲེང་མཛེས་སོགས་ན་གསལ། བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་བསྒྲིགས་སུ། མཁྲིག་མའི་དོན་ལ། ལག་མགོ་དང་ལག་ངར་འབྲེལ་བའི་ཚིགས་མཚམས་ཞེས་གསལ་ཡང་། དེ་ནི་ཁྱབ་ཆུངས་པས་སྐྱོན་ཏེ། རྐང་པའི་མཁྲིག་མའང་ཡོད་པའི་ཕྱིར་ཏེ། མཚོ་ཊཱིཀ་སྨད་ཆ་དགེ་སློང་མའི་རྣམ་འབྱེད་ཀྱི་མཆན་བུར། སྒྱིད་པ་ལ་འཁྱུད་པའི་ཕྱག་ནི། མདུན་དུ་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས། ཕ་རོལ་པོའི་རྐང་པའི་མཁྲིག་མ་གཉིས་ལ་ལག་མཐིལ་གཉིས་འཁྱུད་དེ་རྐང་པ་ལ་སྤྱི་བོས་གཏུགས་པའོ། །ཞེས་དང་། གཞན་ཡང་། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། བགས་ཀྱིས་ཕྲ་ཞིང་ཟླུམ་པའི་བྱིན་པ་ལེགས། །ཞབས་ཀྱི་མཁྲིག་མ་ལོང་བུའི་འབུར་གྱིས་དབེན། །ཞེས་དང་། གང་དེར་སྒྲ་ལྡན་གདུ་བུས་མཁྲིག་མའི་ཕྱོགས། །མཛེས་པའི་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཅེས་གསུངས་པའི་ཕྱིར་རོ། །