From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངལ་གྱི་གནས་སྐབས་ལྔ
|
Tibetan Definition
|
(འདུལ་བ) འདི་ལ་མིར་ཆགས་པའི་གནས་སྐབས་ལྔ་ཡང་ཟེར། (མཚོ་ཊཱིཀ) ༡ མེར་མེར་པོ། ༢ ནུར་ནུར་པོ། ༣ ལྟར་ལྟར་པོ། ༤ མཁྲང་འགྱུར། ༥ རྐང་ལག་འགྱུས་པ་དང་ལྔའོ། །དང་པོ་མེར་མེར་པོ་ནི། ཕ་མའི་ཁུ་ཁྲག་གཉིས་ཚོགས་པའི་བདུན་ཕྲག་དང་པོ་ལ་ཕྱི་སྤྲིས་མ་ལྟ་བུས་གཡོགས་ལ་ནང་ཤིན་ཏུ་སླ་བའི་མེར་མེར་པོར་འདུག་པའོ། །གཉིས་པ་ནུར་ནུར་པོ་ནི། བདུན་ཕྲག་གཉིས་པ་ལ་ཕྱི་ནང་གཉིས་ཀ་ཞོ་ལྟར་འདུག་ལ་ཤར་མ་གྱུར་པའོ། །གསུམ་པ་ལྟར་ལྟར་པོ་ (ནར་ནར་པོ་ཞེས་པ་དང་དོན་འདྲ་བ་ཡིན) ནི། བདུན་ཕྲག་གསུམ་པ་ལ་ཤར་གྱུར་ཀྱང་མནན་མི་བཟོད་པ་དང་། བཞི་པ་མཁྲང་འགྱུར་ནི། བདུན་ཕྲག་བཞི་པ་ནས་བསྐ་བར་གྱུར་ཏེ་མནན་ཀྱང་བཟོད་པའོ། །ལྔ་པ་རྐང་ལག་འགྱུས་པ་ནི། ཤ་ལྟ་བུར་གྱུར་ཏེ་ཡན་ལག་གི་མཚན་མ་འབུར་པོ་ལྔ་དོད་པའི་གནས་སྐབས་ཡིན་ནོ། །དོགས་གཅོད། མངལ་གྱི་གནས་སྐབས་ལྔའི་གོ་རིམ་ལ་བཤད་ཚུལ་མི་འདྲ་བ་འདི་ལྟར། (དགའ་བོ་མངལ་འཇུག་གི་མདོ) ༡ མེར་མེར་པོ། (བདུན་དང་པོའི་སྐབས། ཞོ་མ་ཆགས་པ་དང་འདྲ) ༢ ནུར་ནུར་པོ། (བདུན་གཉིས་པའི་སྐབས། ཞོ་སྐ་བའམ། མར་འཁྱགས་པ་དང་འདྲ) ལྟར་ལྟར་པོ། (བདུན་གསུམ་པའི་སྐབས། དབྱིབས་ནི་སྨན་རྡུང་བའི་གཏུན་བུ་འདྲ་བ་ཐུང་ཞིང་ཆུང་བར་བཤད) མཁྲང་འགྱུར། (བདུན་བཞི་པའི་སྐབས་སུ། དབྱིབས་མཆི་གུ་དང་འདྲ) རྐང་ལག་འགྱུས་པ་ (བདུན་ལྔ་པའི་སྐབས། དབྱར་དུས་སུ་ལྗོང་ཤིང་རྣམས་ཡལ་ག་དང་འདབ་མ་སྐྱེ་བ་དང་འདྲ) དང་ལྔ་ཞེས་སྣང་ངོ་། ། (འདུལ་བ་ལུང་ཕྲན་ཚེགས) ༡ ནུར་ནུར་པོ། (བདུན་དང་པོར། འབྲས་ཁུའམ་ཞོའི་ཞོ་ཁ་ཆུ་ལྟ་བུ) ༢ མེར་མེར་པོ། (བདུན་གཉིས་པར། ཞོའམ་མར་མཁྲང་པོ་ལྟ་བུ) ༣ ནར་ནར་པོ། (བདུན་གསུམ་པར། ཟངས་ཀྱི་ཐུར་མ་ཕྲ་མོའམ་སྲིན་ཁྲོལ་མ་ལྟ་བུ) ༤ གོར་གོར་པོ། (བདུན་བཞི་པར། གདར་རམ་མཆི་གུ་ལྟ་བུ) ༥ རྐང་ལག་འགྱུས་པ་ (བདུན་ལྔ་པར། དབྱར་དུས་སུ་ཤིང་ཕུང་དག་ལས་མྱུ་གུ་འབྱུང་བ་ལྟ་བུའོ) ལྔ་ཞེས་གསལ་ལོ། །དགའ་བོ་མངལ་འཇུག་གི་མདོ་དང་འོད་ལྡན་ལས། མེར་མེར་པོ། ནུར་ནུར་པོ་ཞེས་སྣང་ལ། ཡང་ལུང་ཕྲན་ཚེགས་དང་མཛོད་ཊཱིཀ་རྒྱལ་སྲས་མ་ལས། ནུར་ནུར་པོ། མེར་མེར་པོ་ཞེས་སྣང་བ་སྒྱུར་བྱེད་ལོ་ཙཱ་བས་མིང་ཐ་དད་དུ་བརྡ་བཏགས་པའི་སྒྱུར་ཁྱད་ཙམ་ལས་དོན་ལ་འགལ་བ་མེད་ཚུལ་མཚོ་ཊཱིཀ་མཆན་བུར་གསལ་ལོ། །(རྗེ་ཙོང་ཁ་པ་སོགས)མེར་མེར་པོ་དང་། ལྟར་ལྟར་པོ། གོར་གོར་པོ། མཁྲང་འགྱུར། རྐང་ལག་འགྱུས་པའི་གནས་སྐབས་དང་ལྔའོ། །རྗེའི་གསུང་ཟིན་བྲིས་དང་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལས་གསུངས་པ་ལྟར་བཀོད། མངལ་གྱི་གནས་སྐབས་ལྔ་གྲངས་འདྲེན་ཚུལ་འདི་ལ་ཚིག་རིས་མི་འདྲ་བ་འགའ་ཞིག་སྣང་ཡང་། དོན་ལ་ཁྱད་པར་མེད། མཁྲང་འགྱུར་དང་། འཁྲང་འགྱུར་ཞེས་དག་ཆ་མི་འདྲ་བ་གཉིས་འབྱུང་ཡང་། གཉིས་ཀ་དག་པ་ཡིན་ནོ། །
|