6388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པ་མཛོད་ནས་བཤད་པའི་འཇིག་རྟེན་ཆགས་ཚུལ
Tibetan Definition ཐོག་མར་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས། དེ་སྟེང་ཆུའི་དཀྱིལ་འཁོར་ (དེ་ལྟ་བུའི་ཆུའི་དཀྱིལ་འཁོར་དེ་ཡིན་རིང་བསྲུབས་པ་ལས་མཚོ་ཆེན་པོ་ཞིག་ཏུ་གྱུར) དེ་སྟེང་ (གསེར་གྱི་རང་བཞིན་གྱི) སའི་དཀྱིལ་འཁོར། དེའི་རྗེས་ནམ་མཁའ་ལ་སྤྲིན་ལོ་མང་འཁྲིགས་ཏེ་ཆར་བབས་པ་ལས་ཡང་མཚོ་ཆེན་པོ་ཞིག་འཆགས་ཏེ། མཚོ་དེ་བསྲུབས་པ་ལས་དེའི་ཁམས་རབ་ལས་རིའི་རྒྱལ་པོ་རི་རབ་གྲུབ། ཁམས་འབྲིང་ལས་གསེར་གྱི་རི་བདུན། (རི་བདུན་ནི། གཉན་ཤིང་འཛིན་དང་། གཤོལ་མདའ་འཛིན། སེང་ལྡེང་ཅན། བལྟ་ན་སྡུག་རི། རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་གྱི་རི་སྟེ་བདུན་ནོ) རིའི་རྒྱལ་པོ་རི་རབ་ནས་གསེར་གྱི་རི་བདུན་གྱི་ཐ་མ་མུ་ཁྱུད་འཛིན་དང་ཕྱིའི་ཁོར་ཡུག་གི་ལྕགས་རི་ཆེན་པོའི་བར་གྱི་མཚོ་ལ་ཕྱིའི་རྒྱ་མཚོ་ཆེན་པོ་ཞེས་བྱའོ། །ཁམས་ཐ་མ་ལས་གླིང་བཞི་དང་གླིང་ཕྲན་བརྒྱད། དེ་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་མཐའ་སྐོར་དུ་ཁོར་ཡུག་གི་ལྕགས་རིས་མཐའ་སྐོར་བའི་ཚུལ་དུ་གནས་སོ། །མཛོད་རྩ་བ་ལས། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང༌། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང༌། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །ཞེས་སོགས་གསུངས་སོ། །འདུལ་བ་ལུང་རྣམ་འབྱེད་གླེགས་བམ་དང་པོ་༼ ཅ་པ ༽༤༨བ༣ནའང་གོང་དང་འདྲ་བར་བཤད་དོ། །འདི་སྐོར་དོགས་གཅོད་ཅུང་ཟད་ཅིག་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༣༣བ༣ན་གསལ་ལོ། །