6408

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་བྱང་ལྔ་བསྐྱེད
Tibetan Definition ལྷ་བསྐྱེད་ཚུལ་ཞིག་སྟེ། ཟླ་བ། ཉི་མ། ས་བོན། ཕྱག་མཚན། སྐུ་རྫོགས་པ་ལས་བྱང་ཆུབ་པ་དང་ལྔ་ལས་བསྐྱེད་ཚུལ་ཞིག དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཟླ་བ་ལས་བྱང་ཆུབ་པ། མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཉི་མ་ལས་བྱང་ཆུབ་པ། སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ས་བོན་ལས་བྱང་ཆུབ་པ། བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཐུགས་ཕྱག་མཚན་ལས་བྱང་ཆུབ་པ། ཟླ་བ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ཧཱུྂ་ཡིག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆོན་པོར་བསྐྱེད་པ་ནི། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་སྐུ་རྫོགས་པ་ལས་བྱང་ཆུབ་པ་དང་ལྔའོ། །འཇིགས་བྱེད་དཔའ་གཅིག་ལྟ་བུར་སྦྱར་ན། ཐོག་མར་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཞིག་གསལ་གདབ། དེ་ནས་ཉི་མའི་དཀྱིལ་འཁོར། དེ་ནས་ཧཱུྂ་ཡིག་ (ས་བོན) དེ་ནས་རྡོ་རྗེ་ (ཕྱག་མཚན) གསལ་གདབ། དེ་ནས་ཟླ་བ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ཧཱུྂ་ཡིག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་བསྐྱེད་པ་ལྟ་བུའོ། །འདིའི་སྐོར་རྒྱས་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་འཇིགས་བྱེད་བསྐྱེད་རིམ་དངོས་གྲུབ་སྙེ་མ་དང་། ཀློང་རྡོལ་བླ་མ་སོགས་ཀྱི་གསུང་ལ་བལྟ་བར་བྱའོ། །ཡང་མངོན་བྱང་ལྔ་བསྐྱེད་ལ། དེ་བཞིན་ཉིད། (འཆི་བ་ཆོས་སྐུའི་ལམ་འཁྱེར་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པ) ཉི་ཟླ་གང་རུང་། ས་བོན། ཕྱག་མཚན། སྐུ་རྫོགས་པ་དང་ལྔ་གོང་དུ་བཤད་པ་དང་ཅུང་ཟད་མི་འདྲ་བ་གཉིས་ཡོད། བྱང་ཆུབ་དང་པོ་བཞི་རྒྱུ་དང་ཕྱི་མ་འབྲས་བུ་ཡིན་པར། རྗེའི་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་ལས་གསུངས་སོ། །གཞུང་རྣམས་སུ་མངོན་བྱང་ལྔ་མིང་འདྲ་ལ་དོན་མི་འདྲ་བ་ཅི་རིགས་འབྱུང་བར་ཡང་བཤད། སྤྱིར་བཏང་ཟླ་བས་ཁམས་དཀར་པོ་དང་། ཉི་མས་ཁམས་དམར་པོ། ས་བོན་གྱི་བར་དོའི་རྣམ་ཤེས། ཐམས་ཅད་འདྲེས་པས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ། སྐུ་རྫོགས་པས་ལུས་ཡོངས་སུ་རྫོགས་ཏེ་མངལ་ནས་ཕྱིར་བཙའ་བ་དང་མཚུངས་པར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་། མངོན་བྱང་ལྔ་བསྐྱེད། རྡོ་རྗེ་བཞི་བསྐྱེད། ཆོ་ག་གསུམ་བསྐྱེད་ཀྱི་སྐོར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་༡༩༠ན་གཟིགས།