6409

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་མཐོ
Tibetan Definition བདེ་འགྲོའི་གོ་འཕང་། ལྷ་མིའི་གོ་འཕང་། ལྷ་མིའི་རྟེན་བཟང་། དཔེར་ན་མངོན་མཐོ་ལྷ་མིའི་གོ་འཕང་ཟེར་བ་ལྟ་བུའོ། །སྡེ་བདུན་ཡིད་ཀྱི་མུན་སེལ་ལས། མངོན་མཐོ་བདེ་འགྲོའི་གོ་འཕང་དང་། ཞེས་གསུངས་སོ། །བདེ་འགྲོའི་རྒྱུད་ཀྱི་བདེ་བ་དང་བཏང་སྙོམས་ཅི་རིགས་ལ་ཟེར། རིན་ཆེན་དར་ཊཱིཀ་ལས། དེ་ལ་མངོན་མཐོ་ནི་བདེ་བ་སྟེ། །ལྷ་དང་མིའི་རྒྱུད་ཀྱིས་བསྡུས་པའི་བདེ་བ་དང༌། བཏང་སྙོམས་ཅི་རིགས་པ་ཡིན་ལ། ཞེས་གསུངས། སྡེ་དགེ་བསྟན་འགྱུར་༼ གེ་པ ༽དབུ་མ་རིན་ཆེན་ཕྲེང་བ་༡༠༧ལས། དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །ཅེས་གསུངས། དེའི་ཐད་ཀྱི་རིན་ཆེན་དར་ཊཱིཀ་ལས། དེ་ལ་མངོན་མཐོ་ནི་བདེ་བ་སྟེ། །ལྷ་དང་མིའི་རྒྱུད་ཀྱིས་བསྡུས་པའི་བདེ་བ་དང༌། བཏང་སྙོམས་ཅི་རིགས་པ་ཡིན་ལ། ངེས་པར་ལེགས་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྡུག་ཀུན་སྤངས་པའི་བྲལ་བ་ཐར་པར་འདོད་དོ། །སླར་མི་ལྡོག་པའི་ཆོས་ཅན་གྱི་བྲལ་བ་ཡིན་པས། ངེས་པར་ལེགས་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལ་མངོན་མཐོ་བདེ་བ་སྟེ། །ཞེས་པའི་ཚིག་འདི་ལ་འགྲེལ་ཚུལ་གཉིས་ཏེ། གཅིག་ནི་གོང་ལྟར་ལྷ་མིའི་རྒྱུད་ཀྱིས་བསྡུས་པའི་བདེ་བ་ལ་འདོད་ལ། ཡང་མངོན་མཐོའི་རྟེན་ནི་བདེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་ཏེ། རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༼ གེ ༽༡༢༩ བ༣ལས། གོང་མ་བཞིན་དུ་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་སྟེ། མངོན་པར་མཐོ་བའི་ཆོས་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་བདེ་བ་མཐའ་དག་ཐོབ་པ་དང་མཐུན་པའི་ཕྱིར་བདེ་བ་ཞེས་བྱའོ། །ཞེས་གསུངས་སོ། ། འཁོར་འདས་ཀྱིས་བསྡུས་པའི་ལུས་ཕུན་སུམ་ཚོགས་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ་དང་བཅས་པ་ཐམས་ཅད་ལ་མངོན་མཐོ་ཟེར་རོ། །དེ་ཡང་རྗེའི་ལམ་རིམ་ཆེན་མོ་ལས། གསུམ་པ་དེ་ལ་ལོག་རྟོག་བསལ་བ་ནི། གསུང་རབ་ནས་འཁོར་བའི་ཕུན་ཚོགས་ཐམས་ཅད་ལ་ཡིད་ཕྱིར་ཕྱོགས་དགོས་པར་གསུངས་པས་འཁྲུལ་གཞི་བྱས་པ་ཁ་ཅིག་ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་མངོན་མཐོ་ནི་འཁོར་བ་ཡིན་པས་དེ་ལ་དོན་གཉེར་བསྐྱེད་པར་མི་རིགས་སོ་སྙམ་ན། དོན་དུ་གཉེར་བྱ་ལ་གནས་སྐབས་སུ་དོན་དུ་གཉེར་དགོས་པ་དང་མཐར་ཐུག་གི་དོན་དུ་གཉེར་བྱ་གཉིས་ལས། འཁོར་བའི་ལུས་ལ་སོགས་པ་ཕུན་སུམ་ཚོགས་པ་ནི་གྲོལ་བ་དོན་གཉེར་གྱིས་ཀྱང་གནས་སྐབས་སུ་དོན་དུ་གཉེར་དགོས་ཏེ། རྟེན་དེ་རིམ་པར་བརྒྱུད་པ་ལས་མཐར་ངེས་ལེགས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ལུས་དང་ལོངས་སྤྱོད་དང་འཁོར་ཕུན་སུམ་ཚོགས་པའི་མངོན་མཐོ་གང་ཡིན་ཐམས་ཅད་འཁོར་བས་བསྡུས་པ་མ་ཡིན་ཏེ། ལུས་ལ་སོགས་པ་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་ནི་གཟུགས་ཀྱི་སྐུ་དང་དེའི་ཞིང་གི་འབྱོར་པ་དང་དེའི་འཁོར་རྣམས་ཡིན་པའི་ཕྱིར་རོ། །དེ་ལ་དགོངས་ནས་མདོ་སྡེའི་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། །ཞེས་ཕར་ཕྱིན་དང་པོ་བཞིས་མངོན་མཐོ་བསྒྲུབ་པར་གསུངས་ཤིང༌། གཞུང་མང་པོ་ནས་དེ་དག་གིས་གཟུགས་སྐུ་བསྒྲུབ་པར་གསུངས་པའི་ཕྱིར་རོ། །དེས་ན་རྣམ་མཁྱེན་བསྒྲུབ་པ་རྣམས་ཀྱིས་ནི་ཚུལ་ཁྲིམས་དང་སྦྱིན་པ་དང་བཟོད་པ་སོགས་ཆེས་མང་ཞིང་ཕུལ་དུ་བྱུང་བ་རྣམས་དུས་རིང་པོར་བསྒྲུབ་པས་ན། དེ་དག་གི་འབྲས་བུ་ལུས་ལ་སོགས་པའི་མངོན་མཐོ་ཡང་ཆེས་ཕུལ་དུ་བྱུང་བ་དོན་དུ་གཉེར་བ་ཡིན་ནོ། །ཞེས་གསུངས་སོ། །ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ལམ་རིམ་བརྗེད་བྱང་༣༠༨ན༤ལས། དེ་འདྲའི་མངོན་མཐོ་དེ་ཇི་ལྟ་བུ་ཞིག་ཅེ་ན། རིན་ཕྲེང་ལས། མངོན་པར་མཐོ་བ་བདེ་བ་སྟེ། །ཐད་ཀྱི་དར་ཊཱིཀ་ལས། དེ་ལ་མངོན་པར་མཐོ་བ་ནི་བདེ་བ་སྟེ། ལྷ་དང་མིའི་རྒྱུད་ཀྱིས་བསྡུས་པའི་བདེ་བ་དང་། བཏང་སྙོམས་ཅི་རིགས་པ་ཡིན་ལ། ཞེས་པ་ནི་ཐད་འདིའི་ལམ་རིམ་ཆེན་མོ་དང་མི་མཐུན་པས་དགོངས་གཞི་ཅན་ནོ། །དེས་ན། རང་རྒྱུ་བསོད་ནམས་དགེ་བ་ལས་བྱུང་ཞིང་། ལྷ་དང་མིའི་རྒྱུད་ཀྱི་བདེ་བ་དང་བདེ་བའི་རྟེན་གང་རུང་གི་ཆ་ནས་བཞག་པ་དེ། མངོན་མཐོའི་མཚན་ཉིད། དབྱེ་ན་གསུམ་ཡོད། དོགས་གཅོད་ནི། གླང་ཆེན་ས་ལ་རབ་བརྟན་ལྷ་དབང་གི་མངོན་མཐོ་ཡིན་ཡང་། མངོན་མཐོ་མ་ཡིན་པ་དང་། དེ་དུད་འགྲོ་ཡིན་པས་བསོད་ནམས་ལས་གྲུབ་པར་སྨྲ་མི་རུང་བ་དང་། དེ་རང་གི་བསོད་ནམས་ལས་གྲུབ་པ་མིན་ཡང་ལྷ་དབང་གི་བསོད་ནམས་ལས་གྲུབ་པར་ཁས་བླང་ཆོག་པ་སོགས་ཀྱི་ཞིབ་ཆ་འབྱེད་ཤེས་དགོས་སོ། །ཞེས་སོགས་གསུངས། མངོན་མཐོ་དང་མངོན་མཐོའི་གོ་འཕང་གཉིས་ལ་ཁྱད་པར་འབྱེད་དགོས་སམ་སྙམ་མོ། །