From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཆེད་པ
|
Tibetan Definition
|
2 (གསང་སྔགས) སྣང་བ་མཆེད་པ་ལ་ཐིམ་ཞིང་། སྟོན་གནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པ་ལ། མཆེད་པ་ཟེར། མཆེད་པ། སྣང་བ་མཆེད་པ། མཆེད་པ་དམར་ལམ་པ། ཤིན་ཏུ་སྟོང་པ་རྣམས་མིང་གི་རྣམ་གྲངས་ཡིན། དམར་ལམ་པ་འཆར་བའི་རྐྱེན་ནི། སྙིང་ག་མན་ཆད་ཀྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་མར་སྣ་ནས་ཞུགས་པའི་སྟོབས་ཀྱིས་ནོར་བུའི་རྩ་འཁོར་གྱི་མདུད་པ་དང་། ལྟེ་བའི་རྩ་འཁོར་གྱི་མདུད་པ་རྣམས་རིམ་གྱིས་གྲོལ་བས། ལྟེ་བའི་རྩ་འཁོར་གྱི་དབུས་སུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་ཨ་ཐུང་ཤད་ཀྱི་རྣམ་པར་ཡོད་པ་མེའི་རང་བཞིན་ཅན་དེ་ཡར་འོངས་ཏེ། སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་འོག་ཏུ་སླེབས་པའི་བར་ལ་དེ་འདྲའི་སྣང་བ་འབྱུང་བར་གསུངས་ཤིང་། ཕྱི་རོལ་ནས་ཉི་འོད་སོགས་ཀྱི་སྣང་བ་ཤར་བ་ནི་མིན་ནོ། །མཆེད་པའི་སྒྲ་བཤད་ནི། སྔར་གྱི་ཟླ་འོད་ལྟ་བུའི་སྣང་བ་དེ་ཉིད་མཆེད་པ་སྟེ་ཆེས་ཆེར་རྒྱས་ནས་ཉི་འོད་ལྟ་བུའི་ཆེས་གསལ་བའི་སྣང་བ་འབྱུང་བས་ན་དེ་སྐད་ཅེས་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། ཉི་འོད་བཞིན་དུ་ཆེས་གསལ་བའི་སྒོ་ནས་སྣང་བ་མཆེད་པ་དང༌། ཞེས་གསུངས་སོ། །དེ་ལ་ཤིན་ཏུ་སྟོང་བ་ཟེར་བའི་རྒྱུ་མཚན་ནི། དེ་ཉིད་ལས། སྣང་བ་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ་དང༌། ཞེས་གསུངས་སོ། །
|