6492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་མེའི་འགྲེལ་བཤད་དང་ཕན་ཡོན
Tibetan Definition མཆོད་མེ་འབུལ་བ་ནི་དེའི་འོད་སྣང་འབུལ་བ་ཡིན་པས། མ་རིག་པའི་མུན་པ་སེལ་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འཐོབ་པར་འགྱུར་རོ། །མར་མེ་ནི་སངས་རྒྱས་ཀྱི་སྤྱན་ལ་འབུལ་བ་ཡིན་པས། དེ་བཞིན་གཤེགས་པའི་སྤྱན་རྣམ་པར་དག་པ་ཐོབ་པ་དང་། གཞན་ཡང་ཤ་དང་ལྷའི་མིག་རྣམ་པར་དག་པ་འཐོབ་བོ། །མར་མེ་འབུལ་བའི་ཚེ་དམིགས་པ་ཇི་ལྟར་བྱ་བ་ནི། མར་མེའི་མཆོད་ཀོང་ཁོར་ཡུག་ཆེན་པོ་ཙམ་དུ་མོས་པ་དང་། མར་ཁུ་རྒྱ་མཚོ་ཆེན་པོ། སྡོང་རས་རི་རབ་ཙམ་པ། མེ་ལྕེ་སྲིད་པའི་རྩེ་མོར་ཐུག་པ་ཙམ། གྲངས་ནི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ། ཇི་ཙམ་ཁྱབ་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་ཡས་མུ་མེད་པ་ཐམས་ཅད་ཁྱབ་པར་མོས། ཡུན་ནི་ཇི་སྲིད་དུ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྒྱུན་མི་འཆད་པ་དང་། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། ཡུལ་ནི་ཕྱོགས་བཅུའི་དཀོན་མཆོག་གསུམ་དང་། གསུང་རབ་མདོ་སྡེ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་རྟེན་ཐམས་ཅད་ལ་འབུལ་བའི་དམིགས་པ་བྱའོ། །དེ་ལྟར་བྱས་ན་བསོད་ནམས་དཔག་ཏུ་མེད་པ་འཐོབ་བོ། །མར་མེ་གཙོ་བོར་འོད་ཕུལ་བ་ཡིན་ཀྱང་རྒྱུའི་ཞུན་མར་དང་འབྲུ་མར་ཡང་ཁ་དོག་ལེགས་པ་དྲི་རོ་ཕུན་སུམ་ཚོགས་པ་དེ་ལྟ་བུ་བྱུང་ན་བསོད་ནམས་རྫོགས་ཚབས་ལྷག་པར་ཆེའོ། །མར་མེའི་སྡོང་བུའང་གསེར་དངུལ་སོགས་ལས་བྱས་པའམ། སྔ་མ་འགའ་ཞིག་ཤེས་རབ་ཕུན་སུམ་ཚོགས་པའི་ཕྱིར་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲི་བའང་ཡོད་ལ། མ་མཐའ་ཡང་དྲི་བཟང་པོའི་ཤིང་ཧ་ཅང་སྦོམ་པ་མ་ཡིན་པ་དྲང་ཞིང་རླན་མེད་པའི་སྟེང་དུ་རས་བལ་གྱིས་དམ་ལྷོད་སྙོམས་པར་དྲིལ་ཏེ་རིང་ཐུང་ཀོང་བུའི་ཚད་ལ་དཔག་པས་ཇི་ལྟར་འཚམ་པ་བྱ། མར་མེའི་སྡོང་བུ་ལ་སྲོག་ཤིང་དགོས་མི་དགོས་ཀྱི་དྭོགས་པ་བྱེད་ཀྱང་དེ་མེད་པར་རས་བལ་གྱིས་འཚོ་མི་ཟིན་པས་འོས་མེད་ཀྱིས་འགྲུབ་ལ། ལུང་འགའ་ཞིག་ཏུ་མར་མེའི་སྡོང་བུ་ལ་ཤིང་བལ་གྱི་འདབ་མས་དཀྲི་བར་གསུངས་པ་སྡོང་བུ་སྤྱི་ཙམ་ལ་མི་འགྲིག་པས་ནང་གི་སྲོག་ཤིང་ལ་བྱེད་དགོས་པ་དང༌། མགོན་པོའི་གཏོར་ཆོག་ཏུ་ཡི་དྭགས་ཀྱི་ཕུང་པོ་སྲོག་ཤིང་གི་ཚུལ་དུ་བྱས་ནས་སྐྲའི་རས་ཀྱིས་དཀྲི་བར་གསུངས་པའི་རིགས་འགྲོས་ཀྱིས་ཀྱང་ཤེས་སོ། །ལ་ལ་འོད་མེད་པར་མེ་མ་ཤི་ཙམ་གྱིས་རྒྱུན་གང་རིང་བྱེད་པ་མི་ལེགས་ལ། སྡོང་བུ་ཧ་ཅང་སྦོམ་པས་མྱུར་དུ་འབར་བའང་མི་བྱེད་པར། འོད་གསལ་བའི་སྟེང་ནས་དལ་འབར་བྱས་ན་ལེགས་པར་བཀའ་གདམས་ཀྱི་བསྟན་རིམ་ལས་གསུངས། ཞེས་སོགས་རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་པོད་༼ ཇ ༽ལེའུ་ཚན་ཐོར་བུ་སྣ་ཚོགས་༢༦ན༢ལས་ གསུངས་སོ། །༼ སྤྱིར་ན་མར་མེ་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ ༽ ལས་རྣམ་པར་འབྱེད་པའི་མདོ་ལས། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་། ལྷའི་མིག་འཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་། དེའི་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །༼ བོད་ལ་མཆོད་མེ་བརྒྱ་མཆོད་འབུལ་བའི་སྲོལ་འདི་གང་ནས་བྱུང་བ་ཡིན་ཞེ་ན༽ བདེ་མཆོག་རྩ་རྒྱུད་ལེའུ་གཉིས་པ་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་པའི་གཞུང་འདི་ལ་བརྟེན་པར། རྗེ་གུང་ཐང་པའི་«བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ»ལས་གསུངས་སོ། །«མར་མེའི་སྨོན་ལམ»དང་། གོང་དུ་གསལ་བའི་རྗེ་གུང་ཐང་པའི་གསུང་སོགས་ལ་གཞི་བྱས། མར་མེའི་སྨོན་ལམ་འདི་མདོ་དང་བསྟན་བཅོས་གང་ཡིན་མི་གསལ། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་བྲིས་མའི་གྲས་ཀྱི་«འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ»ཞེས་བྱ་བའི་མཇུག་ཉིད་དུ་གསལ་ལོ། །