65

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀད་དེ་བ
Tibetan Definition ཞེན་པ་ཆུང་དུ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་རེད་སྙམ་དུ་ཞེན་པའི་ཞེན་པ་ཆུང་ངུ་དེ་ཡང་སྤོང་དགོས་པར་གསུངས་པའི་དོན་རེད། ཅེས་བཀའ་བརྒྱུད་པའི་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་གསུང་། ཁེ་ན་ཌའི་གྲོང་ཁྱེར་ཧེ་ལེ་ཕེཀ་སི་རུ་ (༢༠༠༢-༧-༧ ཉིན་ཁྲ་འགུ་རིན་པོ་ཆེར་བཅར་འདྲི་ཞུས་ཏེ་སྒྲ་ཇི་བཞིན་པར་བཀོད) ཁོ་བོའི་བསམ་ཚོད་ལ། ཀད་དེ་བ་ཞེས་པའི་ “ཀད” གོ་བ་ལེན་སྟངས་མི་འདྲ་བ་འགའ་ཤས་ཤིག་ཡོད་དམ་སྙམ་སྟེ། “ཀད” ཅེས་ཐམས་ཅད་ཀྱི་དོན་ལའང་འཇུག་པར་སྙམ་སྟེ། དག་ཡིག་འགར་གཉིས་ཀ་ལ་གཉིས་ཀད་ཅེས་སྣང་བ་བཞིན་ནོ། །གཞན་ཡང་ཡུལ་སྐད་ལ་ལར། ཀད་དེ། ཞེས་པ་རྦད་དེ། ཚང་མ། མ་ལུས་པ། ཡོངས་རྫོགས་བཅས་ལ་ཟེར་བས། འདི་ནི་འདི་ཁོ་ན་ལྟར་ངེས་སོ་སྙམ་པའི་བློ་ཐག་རྦད་བཅད་ཀྱི་ཞེན་པ་ཞིག་ལ་ཟེར་བ་ཡིན་ནམ་སྙམ། འདི་ཡང་གཞུང་གོང་འོག་རྣམས་ལ་ལེགས་པར་བརྟགས་ཤིང་གུང་བསྒྲིགས་ཏེ་བཀོད། ཀད་དེ་བ་ཞེས་པའི་ཚིག་འདི་དཔལ་བཀའ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཕྱག་ཆེན་གྱི་བརྡ་ཆད་ཅིག་ཡིན་ལ། དེ་ཡང་ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཕྱག་ཆེན་གྱི་ཁྲིད་ཡིག་ངེས་དོན་རྒྱ་མཚོའི་ནང་ལན་འགའ་ཞིག་དང་། ཕྱག་ཆེན་གྱི་ཁྲིད་ཡིག་དེ་ལས་ཅུད་ཟད་བསྡུས་པ་མི་རིག་མུན་སེལ་ནང་ལན་མང་དུ་སྣང་བ་འདི་ལྟར། ཤོག་གྲངས་༡༥མདུན་གཟིགས་ལས། ཡུལ་ལ་བལྟས་ཚེ་ཡུལ་དེ་ཕ་གིར་ལམ་མེ་འདུག་ན་དེ་སྐད་སྙམ་པའི་ “ཀད་དེ་བ” ཞིག་འདུག་གམ་དེ་སྐད་སྙམ་པའང་མེད་པར་ཡུལ་དེའང་མ་འགགས་ཐལ་ལེ་བ་དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་གསལ་མེད་དུ་ཤིག་གེ་དེ་གཉིས་ཐ་དད་ཀྱང་མེད་པ་འདྲ་བ་ལ། དེ་སྐད་ཐ་དད་མེད་པའོ་སྙམ་རྒྱུ་གང་ཡང་མེད་པ་ཞིག་འདུག ཡུལ་ཕ་གིར་ལམ་མེ་འདུག་སྙམ་པའི་ “ཀད་དེ་བ” ཞིག་འདུག་ན། དེ་སྐད་སྙམ་པའི་ “ཀད་དེ་བ” དེ་ཀ་ཅང་ཅི་འདྲ་ཞིག་འདུག་ལྟ། ཞེས་སོགས་དང་། ཡང་། ༡༩ན་ལས། དང་པོ་ནི། (བལྟ་ཚུལ་གཉིས་པ་གཞི་རྩ་བཅད་དེ་རྟོག་མེད་ཀྱི་སྟེང་ནས་ངོ་སྤྲད་པ་ནི) རྟོག་མེད་དུ་ལྷན་ནེ་གསལ་སིང་ངེ་གནས་པ་བྱིང་རྒོད་དང་བྲལ་བའི་ཤེས་པ་དེ་ལ་བལྟས་པས་དེའི་ཁ་དོག་དབྱིབས་སོགས་དང་སྐྱེ་འགག་མི་འདུག་སྙམ་པའི་ “ཀད་དེ་བའི” འདི་ཡིན་སྙམ་རྒྱུ་ཡང་མེད། ཞེས་དང་། ༡༩རྒྱབ་གཟིགས་ལས། ངོས་གཟུང་མི་འདུག་སྙམ་པའི་ “ཀད་དེ་བ” ཡང་མེད་ལ་གལ་མེད་འཛིན་མེད་དུ་ངོས་གཟུང་མེད་པར་ཤར་གྲོལ་དུས་མཉམ་ན་ངོ་འཕྲོད་པ་ཡིན་ཞིང་། ཞེས་གསུངས། ༢༠བ་ལས། ཡུལ་དེ་ཕ་གིར་འདུག་སྙམ་པའི་ཀད་དེ་བ་ཡང་མེད་པར་ཡུལ་མ་འགགས་ཐལ་ལེ། དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་དུ་ཤིག་གེ ཞེས་སོགས་འབྱུང་བར་ཞིབ་ཏུ་བརྟགས་ནས་དཔྱད་པར་བྱའོ། །ཡང་། ཀད་དེ་བ་དང་། སྐད་དེ་བ་གཉིས་འབྲི་ཚུལ་ཙམ་ལས་དོན་གཅིག་ཡིན་སྙམ་སྟེ། དེབ་སྔོན་སྟོད་ཆ་ཤོག་གྲངས་ (༦༥༩) ལས། (རྗེ་སྒམ་པོ་བས་དཔལ་ཕག་མོ་གྲུ་པ་ལ) ད་ང་ལ་ཡང་དེ་བས་ལྷག་པ་བསྟན་རྒྱུ་མེད། འོ་ན་ཡང་ང་རང་གི་ལུགས་ཁྲིགས་སྐད་དེ་བ་ཞིག་ཡོད་པ་དེ་བྱ་དགོས་གསུངས་ནས། ཞེས་གསལ་ཞིང་། ཡང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ (༡༡) ལས། དེའི་ཚེ་གསེར་མདོག་(ཉན་ཐོས་ཤིག) ལྟ་བུའི་ སྐྱིད་དེ་བ་ཡང་ཚེགས་མེད་པར་དགྲ་བཅོམ་པའི་གནས་ལ་བཀོད་ན། འཕགས་པ་ཀུན་དགའ་བོ་ནི་སངས་རྒྱས་དང་འདྲ་བའི་ཉན་ཐོས་སོ་ཞེས་རྒྱལ་པོ་མ་སྐྱེས་དགྲས་བསམས་ཏེ། འཕགས་པ་ཀུན་དགའ་བོ་ལ་སོགས་པའི་དགྲ་བཅོམ་པ་ལྔ་སྟོང་ལ་ལོ་ལྔའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པའི་མཆོད་པ་བྱས་སོ། །ཞེས་སྐྱིད་པོ་ལ་སྐྱིད་དེ་བ་ཞེས་བརྗོད་པ་བཞིན་དུ། སྐད་དེ་བ་ལའང་དེའི་ཐོག་ནས་གོ་བ་ཞིག་བླང་རྒྱུ་མེད་དམ་སྙམ། སྐད་དེ་བ་ཞེས་པའི་སྐད་དེ་སྐད་ཅིག་ཅེས་པའི་སྐད་དེ་ཡིན་ནམ། ཡང་ན། ཡོད་སྐད། ཟེར་སྐད་ཅེས་པའི་མ་རངས་པའི་ཚིག་སོགས་གོ་རྒྱུ་གཞན་ཞིག་ཡོད་མེད་སོགས་དཔྱད་པར་འོས་པ་ཞིག་གོ།