From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཁྲུ
|
| Tibetan Definition
|
ཁྲུ་ལ་བརྩི་ཚུལ་མི་འདྲ་བ་གསུམ་སྟེ། རྡུལ་ཁྲུ། ལུས་ཁྲུ། ལག་ཁྲུ་དང་གསུམ་མོ། ། (རྡུལ་ཁྲུ་ནི) སོར་མོ་ཉི་ཤུ་རྩ་བཞིའི་ཚད་ལ་རྡུལ་ཁྲུ་ཟེར། དེ་ལ་རྡུལ་ཁྲུ་ཞེས་བརྗོད་པའི་རྒྱུ་མཚན་ནི། རྡུལ་ཕྲ་རབ་རྩོམ་གཞིར་བྱས་ཏེ་དེ་ཉིད་གོང་ནས་གོང་དུ་བདུན་འགྱུར་དུ་བརྩིས་ནས་གྲུབ་པའི་ཁྲུ་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་མཛོད་རྩ་བ་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཞེས་གསུངས་པ་ལྟར་རོ། །རྡུལ་ཁྲུས་གཞལ་བར་བྱ་བ་ནི། །ཁང་པའི་ཚད་དང་ཁྲི་རྐང་ཚད། །གདིང་བ་གཡན་དགབ་རས་ཆེན་ནོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལྟར་རོ། ། (ལུས་ཁྲུ་ནི) རང་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར། ཆ་བདུན་ལ་བགོས་པའི་ཆ་གཉིས་ལ་ཟེར། མདོ་རྩ་བ་ལས། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །ཞེས་གསུངས་པས་སོ། །དཔེར་ན་རང་གི་ལུས་ཀྱི་རིང་ཚད་ལ་རྐང་ཁྲུའམ་ཕི་ཊི་བདུན་ཡོད་ན། རྐང་ཁྲུ་གཉིས་ལ་ཟེར། (ལག་ཁྲུ་ནི) གྲུ་མོའི་རྩེ་ནས་དགུང་མོའི་རྩེའི་བར་ལ་ཟེར་རོ། །ཁྲུ་རྣམ་པ་གསུམ་འདུལ་བའི་གཞུང་རྣམས་ལས་གསུངས་ཏེ། རྡུལ་ཁྲུ་དང། ལུས་ཁྲུ་དང། ལག་ཁྲུའོ། །དང་པོ་ནི་བལ་ཁུར་བའི་སྐབས་སུ་འཆད་དོ། །གཉིས་པ་ནི། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་སོ། །གསུམ་པ་ནི་ཊཱི་ཀ་ལས་གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཞེས་སོ། །
|